ས་གནས་གཞུང་གི་འགོ་ཁྲིདཔ་ཚུ་གིས་ རྫོང་ཁའི་སྐད་ཡིག་ལག་ལེན་དམ་དམ་འབད་དགོ་པའི་ནན་སྐུལ།

ས་གནས་གཞུང་གི་འགོ་ཁྲིདཔ་ཚུ་གིས་ རྫོང་ཁའི་སྐད་ཡིག་ལག་ལེན་དམ་དམ་འབད་དགོ་པའི་ནན་སྐུལ།

ས་གནས་གཞུང་གི་འགོ་ཁྲིདཔ་ཚུ་གིས་ རྒྱལ་ཁབ་ཀྱི་གཞུང་སྐད་ རྫོང་ཁ་འབྲི་ནི་དང་སླབ་ནི་དེ་ ཉམས་འགྱོ་དོ་ཡོདཔ་ལས་ སྐད་ཡིག་གི་ལག་ལེན་དེ་ དམ་དམ་སྦེ་འབད་དགོ་པའི་ནན་སྐུལ་འབད་ཡོདཔ་ཨིན། དེ་ཡང་ སྤྱི་ཟླ་ ༧ པའི་སྤྱི་ཚེས་ ༡༥ ལས་ ༢༠ ཚུན་ཚོད་ ཐིམ་ཕུག་ལུ་སྦེ་ བློན་ཆེན་ཡིག་ཚང་དང་ ལྷན་ཁག་ཚུ་གིས་འགོ་འདྲེན་ཐོག་ ས་གནས་གཞུང་དང་གཅིག་ཁར་ འཆར་གཞི་ ༡༣ པ་བསྟར་སྤྱོད་ཀྱི་གོ་བསྡུར་ཞལ་འཛོམས་འཚོགས་པའི་སྒང་ གཞུང་སྐད་ཉམས་འགྱོ་པའི་ཚ་གྱང་ཚུ་བཤད་ཡོདཔ་ཨིན་མས།

དེ་ཡང་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་གིས་འབད་བ་ཅིན་ བློན་ཆེན་ཡིག་ཚང་གིས་ རྫོང་ཁ་ལག་ལེན་འཐབ་དགོ་པའི་བཀའ་རྒྱ་གཏང་ཡོད་རུང་ དེ་ལུ་ཆ་གནས་མེདཔ་བཟུམ་ཅིག་ཡོདཔ་ལས་ བློན་ཆེན་གྱི་བཀའ་རྒྱ་ལུ་ དམ་དམ་སྦེ་ལག་ལེན་འཐབ་དགོ་པའི་ ཞུ་བ་འབད་ཡོདཔ་ཨིན།

བློན་ཆེན་གྱི་བཀའ་རྒྱ་དེ་ གཞུང་གི་ཞལ་འཛོམས་དང་ གཞུང་འབྲེལ་གྱི་ཡིག་ཆ་ཚུ་ ཇོང་ཁའི་ཐོག་ལུ་སྦེ་ འགོ་འདྲེན་འཐབ་དགོཔ་སྦེ་བཀོད་ཡོདཔ་ཨིན་མས།

ཞལ་འཛོམས་སྐབས་ ཐིམ་ཕུག་འོག་ལུ་ཨིན་མི་ ན་རོ་རྒཔོ་མགོནམ་ཚེ་རིང་གིས་ བཤད་མིའི་ནང་ བློན་ཆེན་གྱིས་ བཀའ་རྒྱ་གནང་མི་དེ་ དུས་ཚོད་ཁར་ཨིན་རུང་ ལག་ལེན་མ་འཐབ་པར་ ལུས་ཏེ་འདུག་ཟེར་ཨིན་པས། ཁོ་གིས་འབད་བ་ཅིན་ རྫོང་ཁ་དེ་ འབྲུག་པའི་ལམ་སྲོལ་གྱི་ སྲོག་རྩ་བཟུམ་ཅིག་ཨིནམ་ལས་  ལས་སྡེ་ག་ར་གིས་ ལག་ལེན་དེ་དམ་དམ་སྦེ་ར་ ལག་ལེན་འཐབ་དགོ་ཟེར་ཨིན་པས།

རྒཔོ་གིས་འབད་བ་ཅིན་ བློན་ཆེན་ཡིག་ཚང་ལས་བཀའ་རྒྱ་གཏང་ཡོད་རུང་ མཉམ་འབྲེལ་ཞལ་འཛོམས་གྱི་ལས་རིམ་ཚུ་ཡང་ རྫོང་ཁ་ནང་མེན་པར་ ཨིང་སྐད་ནང་འདུག་ཟེར་ཨིན་མས། གཞུང་གི་བཀའ་རྒྱ་ལུ་བརྩི་མཐོང་མ་བསྐྱེད་བར་ རྫོང་ཁ་ལག་ལེན་འཐབ་ནི་མིན་འདུག་ཟེར་ཨིན་མས།

རྒཔོ་གིས་ རྫོང་ཁའི་ལག་ལེན་བསྟར་སྤྱོད་དམ་དམ་འབད་དགོཔ་དེ་ ནང་སྲིད་ལྷན་ཁག་འོག་ལུ་ཡོད་པའི་ ལམ་སྲོལ་དང་ རྫོང་ཁ་གོང་འཕེལ་ལས་ཁུངས་ལུ་འགན་ཁུར་ཕོག་མོན་ན་ཟེར་བའི་དྲི་བ་བཀོད་ཡོདཔ་ཨིན།

ཨིང་ལིཤ་དེ་ཁག་ཆེཝ་ཨིནམ་སྦེ་ ངོས་ལེན་འབད་རུང་ ཨིང་ལིཤ་ལག་ལེན་འཐབ་ནི་གི་ དགོས་མཁོ་སྦོམ་སྦེ་མེད་པ་ཅིན་ གཞུང་སྐད་ལག་ལེན་དེ་གཙོ་རིམ་བཟུང་དགོཔ་འདུག་ཟེར་བཤད་ཡོདཔ་ཨིན་མས།  དེ་ལས་ རྒཔོ་ཚུ་གིས་འབད་བ་ཅིན་ སློབ་གྲྭ་ཚུ་ནང་ཆོས་ཚན་ཚུ་ སློབ་སྟོན་འབད་ནི་ལུ་ གདོང་ལེན་བྱུང་དོ་ཡོདཔ་མ་ཚད་ རྫོང་ཁའི་ཆོས་ཚན་ནང་ལས་ མཐར་འཁྱོལ་མི་ སློབ་ཕྲུག་གི་གྱངས་ཁ་ཡང་ མར་བབས་འགྱོ་མི་ལུ་བརྟེན་ ས་གནས་གཞུང་འགོ་ཁྲིདཔ་ཚུ་གིས་ ཚ་གྱང་བཀོད་ནུག

དེ་ཡི་ལན་ལུ་ ནང་སྲིད་བློན་པོ་ཚེ་རིང་གིས་སླབ་མའི་ནང་ གཞུང་སྐད་ལག་ལེན་འཐབ་ནིའི་ནང་ ལྟ་རྟོག་འབད་ནི་ཨིན་ཟེར་བཤད་ཡོདཔ་ད་ བློན་པོ་གིས་ སླབ་མིའི་ནང་ བསྐྱར་ཞིབ་འབད་དེ་ ཚོགས་འདུའི་དོན་ལུ་ གྲོས་གཞི་ཚུ་ཡང་ གཞུང་སྐད་ནང་ གྲ་སྒྲིག་འབད་ཡི་ཟེར་ཨིན་པས། ཨིན་རུང་ ནང་སྲིད་བློན་པོ་གིས་ རྫོང་ཁག་གི་གོང་འཕེལ་གྱི་དོན་ལུ་ མི་སེར་ག་ར་གིས་ རྒྱབ་སྐྱོར་འབད་དགོཔ་འདུག་ཟེར་ཨིན་པས།

བློན་ཆེན་གྱིས་ འབྲུག་རྒྱལ་ཁབ་ནང་ ལས་རིམ་ཚུ་ནང་ བཅའ་མར་གཏོགས་མི་ ཕྱི་རྒྱལ་གྱི་མི་ཚུ་གི་དོན་ལུ་ སྐད་ཡིག་བསྒྱུར་ནི་གི་འཕྲུལ་ཆས་ཚུ་ མཁོ་སྤྲོད་འབད་ནི་གི་ བཀའ་རྒྱ་གནང་ནུག་ཟེར་བཤདཔ་ཨིན་པས།

བློན་པོ་གིས་སླབ་མིའི་ནང་ ད་ལྟོ་རྫོང་ཁའི་གནས་སྟངས་འདི་ལེགས་ཤོམ་མིན་འདུག་ཟེར་ཨིནམ་ད་ ད་ལས་ཕར་ བློན་ཆེན་གྱི་བཀའ་རྒྱ་འདི་ དོན་སྨིན་ཅན་སྦེ་བསྟར་སྤྱོད་འབད་བཅུག་ནིའི་དོན་ལུ་ ལྷན་ཁག་གི་ཁ་ཐུག་ལས་ ག་དེ་དྲག་དྲག་ལག་ལེན་འཐབ་ནི་གི་ ངེས་བརྟན་བཟོ་ནི་ཟེར་ཨིན་མས།

འཆར་གཞི་༡༣ པའི་ནང་ ལམ་སྲོལ་དང་ རྫོང་ཁ་གོང་འཕེལ་ལས་ཁུངས་ལུ་ གློག་ཐོག་སློབ་བཏོན་མཁོ་ཆས་བཟོ་ནི་དང་ རྫོང་ཁ་གོང་འཕེལ་གཏང་ནིའི་དོན་ལུ་ མ་དངུལ་དངུལ་ཀྲམ་ས་ཡ་༢༠ དེམ་ཅིག་བགོ་བཀྲམ་འབད་ཡོད་པའི་གནས་ཚུལ།

སངས་རྒྱས་རབ་བརྟན།