རྫོང་ཁའི་སྐད་ཡིག་གཅིག་མཚུངས་འགྱོ་ནི་ནང་དཀའ་ངལ་བྱུང་དོ་ཡོདཔ།

རྫོང་ཁའི་སྐད་ཡིག་གཅིག་མཚུངས་འགྱོ་ནི་ནང་དཀའ་ངལ་བྱུང་དོ་ཡོདཔ།

སྲོལ་འཛིན་དང་རྫོང་ཁག་གོང་འཕེལ་ལས་ཁུངས་ཀྱིས་ རྒྱལ་ཡོངས་ཀྱི་སྐད་ཡིག་ཡར་དྲག་གཏང་ནི་ནང་ བརྩོན་ཤུགས་བསྐྱེད་དོ་ཨིན་རུང་ རྫོང་ཁའི་ཡིག་སྡེབ་ལག་ལེན་འཐབ་ནིའི་ནང་དཀའ་ངལ་བྱུང་དོ་ཡོདཔ་ཨིན་མས།

དེ་ཡང་ རྫོང་ཁའི་བརྡ་སྦྱོར་གྱི་རྣམ་བཞག་དུས་མཐུན་བཟོ་མ་ཚུགསཔ་དང་ ཡིག་སྡེབ་ལག་ལེན་ དུས་གསུམ་གྱི་རྣམ་བཞག་ དེ་ལས་ཡིག་འགྲུལ་གྱི་སྒྲིག་བཀོད་དང་ བྱ་ཚིག་ལག་ལེན་ཚུ་ནང་ གཅིག་མཚུངས་སྦེ་འགྱོ་ནིའི་ནང་ དཀའ་ངལ་བྱུང་དོ་ཡོདཔ་ཨིན་མས། གནད་དོན་དེ་གི་སྐོར་ལས་ ཐིམ་ཕུག་ལུ་སྦེ་ཚོགས་ཡོད་པའི་ རྒྱལ་ཡོངས་སྐད་ཡིག་ལག་ལེན་གྱི་གོ་བསྡུར་ཞལ་འཛོམས་ནང་ ནང་སྲིད་ལྷན་ཁག་འོག་ལུ་ཡོད་པའི་ སྲོལ་འཛིན་དང་རྫོང་ཁག་གོང་འཕེལ་ལས་ཁུངས་ཀྱི་ ལས་བྱེདཔ་ཚུ་གིས་ གསལ་ཞུ་འབད་ཡོདཔ་ཨིན།

མ་གཞི་ ལྷན་རྒྱས་གཞུང་ཚོགས་ཐེངས་ ༡༠༠ པའི་ནང་ལས་གནང་བ་གྲུབ་པའི་རྫོང་ཁ་གོང་འཕེལ་དང་དར་ཁྱབ་ཀྱི་རྒྱལ་ཡོངས་སྲིད་བྱུས་དང་ཐབས་ལམ་བཟོ་ཡོདཔ་ཨིན་མས། དེ་ཡང་ རྒྱལ་ཡོངས་རྫོང་ཁའི་སྐད་ཡིག་འདི་ ཐུན་མོང་མ་ཡིན་པའི་རྒྱལ་ཁབ་ཀྱི་ངོ་རྟགས་ཨིནམ་ལས་ རྒྱལ་ཁབ་ཀྱི་རང་དབང་དང་ཞི་བདེ་གནས་ཐབས་ལུ་བཟོ་ཡོདཔ་ཨིན་མས།

ད་རེས་ནངས་པར་ དུས་ཀྱི་འགྱུར་བ་ལས་བརྟེན་ཏེ་ རྒྱལ་ཁབ་རང་དབང་གི་ངོ་རྟགས་ ལམ་སྲོལ་གྱི་རིགས་གཞུང་དང་ཁྱད་ཆོས་ཚུ་ལུ་ ཐོ་ཕོག་ནི་ཉེན་ཁ་ཡོདཔ་ལས་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ རྒྱལ་ཁབ་ཕྱི་ནང་གཉིས་ཀྱིས་གཙུག་སྡེ་ཚུ་དང་ མི་སྡེའི་གནས་རིམ་མ་འདྲཝ་མང་རབས་ཅིག་ནང་ ཞིབ་ཚོལ་ཐོག་ལས་ འབྲུག་གི་ཆོས་དང་ལམ་སྲོལ་གྱི་སྲོག་ཤིང་ རྒྱལ་ཡོངས་སྐད་ཡིག་རྫོང་ཁ་གོང་འཕེལ་དང་དར་ཁྱབ་ཀྱི་ རྒྱལ་ཡོངས་ཐབས་ལམ་བརྩམས་ཡོདཔ་ཨིན་མས།

ལག་ལེན་གཅིག་མཚུངས་འགྱོ་ནི་གི་དོན་ལུ་ སྤྱི་ལོ་ ༢༠༡༩ ལུ་འཚོགས་ཡོད་པའི་རྫོང་ཁའི་མཁས་ཚོགས་ཞལ་འཛོམས་ཐེངས་ ༤ པ་ནང་གཏན་འབེབས་འབད་ཡོདཔ་ཨིན་མས།

དེ་ཡང་ ཧེ་མ་རྫོང་ཁ་ནང་ ལ་དོན་གྱི་ཕྲད་ ན་ར་ལུ་གུ་ ཡོདཔ་དང་ བརྡ སྦྱོར་བསྐྱར་ཞིབ་སྐབས་ལུ་ གུ་ འདི་ལ་དོན་མེནམ་སྦེ་ངོས་འཛིན་བྱུང་ཡོདཔ་ཨིན་མས། མཁས་ཚོགས་ཞལ་འཛོམས་ནང་ ལོ་འདི་ལས་འགོ་བཟུང་ གུ་འདི་ཡང་ ཁ་ས་པ་བ་ རྣམས་ལུ་ལ་དོན་གྱི་ཕྲད་ ར་དང་རུ་གང་རུང་ སྦྱར་ཚུལ་དང་ཅོག་འཐདཔ་སྦེ་ གོ་དོན་ལེན་ཏེ་ལག་ལེན་འཐབ་དགོཔ་སྦེ་ གཏན་འབེབས་འབད་ཡོདཔ་ཨིན་མས།

སྤྱི་ལོ་ ༢༠༢༡ ལུ་ ཤེས་རིག་རྩ་གཞུང་སྡེ་ཚན་དང་ རྫོང་ཁ་གོང་འཕེལ་ལྷན་ཚོགས་གཉིས་ཀྱིས་འགོ་འདྲེན་ཐོག་ལུ་ རྫོང་ཁའི་ལ་དོན་གྱི་གྲངས་སུ་ སུམ་རྟགས་ནང་ཡོད་པའི་ སུ་དུ་ཏུ་ གསུམ་ཡང་ན་ ཡན་ལག་གི་ཕྲད་བཟུམ་ཅིག་སྦེ་ ལག་ལེན་འཐབ་ཆོགཔ་སྦེ་ རྫོང་ཁའི་ལག་ལེན་གཅིག་མཚུངས་ཞལ་འཛོམས་ནང་ གྲོས་ཆོད་གྲུབ་ཡོདཔ་ཨིན་མས།

དེ་ལས་ སྤྱིར་བཏང་ལ་དོན་གྱི་འཇུག་པ་དངོས་ཀྱི་ལག་ལེན་དེ་ཅིག་མེད་རུང་ རྗེས་འཇུག་གི་ཐོབ་ལམ་དང་བསྟུན་པའི་ སུ་དུ་ཏུ་ གསུམ་གྱི་ལག་ལེན་ཚུ་ ལེ་ཤ་ར་ཡོདཔ་ལས་བརྟེན་ཏེ་ཨིན་མས།

གནད་དོན་གཞན་ཡང་ ཕྲད་ཚིག་སྦེ་དང་ བྱ་ཚིག་འབད་ཀྱི་ལག་ལེན་ཡང་ གོ་ལོག་སྦེ་འཐབ་དོ་ཡོདཔ་ཨིནམ་སྦེ་བཤད་ཅི།

སྲོལ་འཛིན་དང་རྫོང་ཁག་གོང་འཕེལ་ལས་ཁུངས་ཀྱི་ལས་བྱེདཔ་ཚུ་གིས་འབད་བ་ཅིན་ དེ་སྦེ་རྫོང་ཁའི་སྐད་ཡིག་ལག་ལེན་ནང་ ཁྱད་པར་འཐོན་མི་ཡང་ རང་སོའི་ལྟ་བ་བཟུང་མི་ལུ་བརྟེན་ཨིན་མས་ཟེར་བཤད་ཅི།

ལས་བྱེདཔ་ཚུ་གིས་འབད་བ་ཅིན་ རྫོང་ཁའི་སྐད་ཡིག་ལག་ལེན་གཅིག་མཚུངས་འགྱོ་ནིའི་དོན་ལུ་ འབྲེལ་བ་ཡོད་པའི་ ལྷན་ཁག་དང་ལས་ཁུངས་ གཞན་ལས་སྡེ་ཚུ་དང་གཅིག་ཁར་ མཉམ་འབྲེལ་འབད་དོ་ཟེར་བའི་གནས་ཚུལ།

སངས་རྒྱས་རབ་བརྟན།