རྩིས་ལོ་ ༢༠༢༢-༢༣ ནང་ ཉོ་སྤྱོད་རྙོག་བཤད་ ༡༤༨ ལྷོད་ཡོདཔ།

རྩིས་ལོ་ ༢༠༢༢-༢༣ གི་ལོ་ནང་ དོ་མགྲན་དང་ཉོ་སྤྱོད་དབང་འཛིན་ཡིག་ཚང་ནང་ ཉོ་སྤྱོད་དང་འབྲེལ་བའི་རྙོག་བཤད་ ༡༤༨ དེམ་ཅིག་ལྷོད་ཡོདཔ་ཨིན་མས། རྙོག་བཤད་ནང་ལས་ བརྒྱ་ཆ་ ༩༠ དེམ་ཅིག་ རང་སོའི་གནད་དོན་དང་འབྲེལ་བའི་རྙོག་བཤད་ཨིནམ་ད་ གཞན་སྤྱིར་གཏང་གི་རྙོག་བཤད་ལྷོད་ཡོདཔ་ཨིན་མས།

ཉོ་སྤྱོད་ཀྱི་རྙོག་བཤད་དབྱེ་བ་གཉིས་ཡོད་ས་ལས་ རྩིས་ལོ་ ༢༠༢༣ ནང་ལྷོད་མི་རྙོག་བཤད་དེ་མངམ་ར་ རང་སོའི་གནད་དོན་དང་འབྲེལ་བའི་རྙོག་བཤད་ལྷོད་ཡོདཔ་ཨིན་མས།

ཐིམ་ཕུག་ཁྲོམ་སྡེ་ཡིག་ཚང་ནང་  སྤྱི་ལོ་ ༢༠༢༣ ལུ་ ཉོ་སྤྱོད་ཀྱི་རྙོག་བཤད་ ༡༠༠་དེམ་ཅིག་ལྷོད་ཡོདཔ་ཨིན་མས། དེ་ཡི་འོག་ལས་ར་ རྙོག་བཤད་ཆུ་ཁ་རྫོང་ཁག་ནང་ལྷོད་ཡོདཔ་ད་ དེ་ལས་ཀྲོང་གསར་རྫོང་ནང་ལྷོད་ཡོདཔ་ཨིན་མས། ཨིན་རུང་ དགའ་ས་དང་ བུམ་ཐང་ དེ་ལས་ཧཱ་དང་རྩི་རང་རྫོང་ཁག་ཚུ་ནང་ རྙོག་བཤད་གཅིག་ཡང་མ་ལྷོདཔ་ཨིན་མས།

ཟླ་རིམ་རྙོག་བཤད་གནས་སྡུད་དང་འཁྲིལ་བ་ཅིན་ སྤྱི་ཟླ་ ༨ པའི་ནང་ ཉོ་སྤྱོད་རྙོག་བཤད་མཐོ་ཤོས་དང་ དེ་ཡི་འོག་ལས་ སྤྱི་ཟླ་ ༣ པ་དང་ ༤ པ་ དེ་ལས་ སྤྱི་ཟླ་༡ དང་ ༢ པ་ནང་ལྷོད་ཡོདཔ་ཨིན་མས། སྤྱི་ཟླ་ ༦ པའི་ནང་ རྙོག་བཤད་ཉུང་ཤོས་ལྷོད་ཡོདཔ་ཨིན་མས།

ཉོ་སྤྱོད་རྙོག་བཤད་ནང་ དོ་མགྲན་དང་ཉོ་སྤྱོད་དབང་འཛིན་ཡིག་ཚང་གིས་ གྲོས་མཐུན་འབད་ཡོདཔ་ད་ རྙོག་བཤད་གཉིས་རྐྱངམ་ཅིག་ ཐག་མ་ཆོད་པར་ལུས་ཡོདཔ་ཨིན་མས།

དོ་མགྲན་དང་ཉོ་སྤྱོད་དབང་འཛིན་ཡིག་ཚང་གི་སྙན་ཞུ་དང་འཁྲིལ་བ་ཅིན་ རྙོག་བཤད་མངམ་ར་ ཚུལ་མིན་ཚོང་འབྲེལ་ནང་ ཅ་རྣམས་ཚུ་ལྗིདཚད་མ་ལངམ་སྦེ་ བསྡམ་ནི་དང་ ཁ་ཡིག་བཏགས་ནི་ དེ་ལས་གོང་ཚད་བཀོད་ཡོད་མི་ཚུ་གི་སྐོར་ལས་ཨིན་མས། དེ་མ་ཚད་ ཉོ་ཚོང་གི་འབྱོར་རྟགས་སྐོར་ལས་ཡང་ རྙོག་བཤད་མང་སུ་སྦེ་ཐོན་ཡོད་པའི་གནས་ཚུལ།

ཚུལ་མིན་ཚོང་འབྲེལ་གྱི་དཀའ་ངལ་བསལ་ནིའི་དོན་ལུ་ དོ་མགྲན་དང་ཉོ་སྤྱོད་དབང་འཛིན་ཡིག་ཚང་གིས་ ཁྲིམས་ལས་འགལ་མི་ཚུ་ལུ་ དང་ལེན་འབད་ཡོད་པའི་གནས་ཚུལ།

སངས་རྒྱས་རབ་བརྟན།