འབྲུག་སོ་ནམ་བཟའ་འཐུང་ཚོང་འབྲེལ་དང་ མ་རྩ་གཞི་བཙུགས་ཀྱི་གྲོས་འཛོམས་  འགོ་དང་པ་ཚོགས་ཡོདཔ།

འབྲུག་སོ་ནམ་བཟའ་འཐུང་ཚོང་འབྲེལ་དང་ མ་རྩ་གཞི་བཙུགས་ཀྱི་གྲོས་འཛོམས་ འགོ་དང་པ་ཚོགས་ཡོདཔ།

ཐིམ་ཕུག་ལུ་སྦེ་ སྤྱི་ཟླ་ ༥ པའི་སྤྱི་ཚེས་ ༡༥ ལས་ ༡༩ ཚུན་ འབྲུག་སོ་ནམ་བཟའ་འཐུང་ཚོང་འབྲེལ་དང་ མ་རྩ་གཞི་བཙུགས་ཀྱི་གྲོས་འཛོམས་འགོ་དང་པ་ཚོགས་ཡོདཔ་ཨིན། གྲོས་འཛོམས་ཡང་ འབྲུག་ནང་འཁོད་དང་ ཕྱི་རྒྱལ་གྱི་མ་རྩ་གཞི་བཙུགས་འབད་མི་ཚུ་གིས་ རྒྱལ་ཁབ་ནང་ ཚོང་འབྲེལ་དང་ མཉམ་འབྲེལ་མ་རྩ་གཞི་བཙུགས་ནང་ གོ་སྐབས་འཚོལ་ནིའི་དོན་ལུ་ཚོགས་ཡོདཔ་ཨིན་མས།

དེ་བཟུམ་མའི་གྲོས་འཛོམས་དེ་ རྒྱལ་ཁབ་ནང་ འགོ་དང་པ་ཚོགས་དོ་ཨིནམ་ད་ དེ་ནང་ རྒྱལ་ཁབ་དང་ རྒྱལ་སྤྱིའི་གྲལ་གཏོགས་པ་ ༡༣༠ དེམ་ཅིག་གིས་ གྲལ་གཏོགས་འབད་ཡོདཔ་ཨིན་མས། གྲལ་གཏོགས་པ་ཚུ་ཡང་ རྒྱལ་ཁབ་དང་ རྒྱལ་སྤྱིའི་ལས་སྡེ་དང་ སྒེར་སྡེའི་མི་ངོམ་ཚུ་གིས་འབད་ཡོདཔ་ཨིན་མས།

གྲོས་འཛོམས་འགོ་བྱེད་ནང་ བློན་ཆེན་ཚེ་རིང་སྟོབས་རྒྱས་འོང་ཡོདཔ་ད་ གཞན་སོ་ནམ་དང་སྒོ་ནོར་ལྷན་ཁག་གི་བློན་པོ་ བཟོ་གྲྭ་ཚོང་ལས་དང་ལཱ་གཡོག་ལྷན་ཁག་གི་བློན་པོ་ འབྲུག་ལུ་འཛམ་གླིང་སྤྱི་ཚོགས་ཡིག་ཚང་གི་གནས་སྡོད་འགོ་འདྲེན་པ་གིས་གཙོས་ གཞན་སྐུ་ཚབ་ཚུ་གིས་ཡང་གྲལ་གཏོགས་འབད་ཡོདཔ་ཨིན་མས།

གྲོས་འཛོམས་སྐབས་ འབྲུག་ལུ་འཛམ་གླིང་སྤྱི་ཚོགས་ཡིག་ཚང་གི་གནས་སྡོད་འགོ་འདྲེན་པ་ ཀར་ལ་རོ་བིན་ཧར་ཤེ་གིས་སླབ་མིའི་ནང་ རྒྱལ་ཁབ་ཀྱི་ཐུན་མོང་མ་ཡིན་པའི་རང་བཞིན་གནས་སྟངས་ཡོདཔ་ལས་ གནས་གོང་མཐོ་བའི་ཐོན་སྐྱེད་ཚུ་ཡོདཔ་ལས་ འབྲུག་སོ་ནམ་བཟའ་འཐུང་ཚོང་འབྲེལ་ནང་ འོས་འབབ་སྦོམ་སྦེ་ར་ཡོད་ཟེར་ཨིན་མས།

གནས་སྡོད་འགོ་འདྲེན་པ་གིས་འབད་བ་ཅིན་ གནས་གོང་ཅན་གྱི་ཐོན་སྐྱེད་ཚུ་ནང་ ཐབས་བྱུས་ཅན་གྱི་མ་རྩ་གཞི་བཙུགས་འབད་བ་ཅིན་ རྒྱལ་ཁབ་ཀྱི་དཔལ་འབྱོར་གོང་འཕེལ་ཡར་དྲག་གཏང་ནིའི་ལུ་ ཕན་རླབས་ཆེ་ཟེར་ཨིན་མས། དེ་འབདཝ་ད་ གནས་སྡོད་འགོ་འདྲེན་པ་གིས་འབད་བ་ཅིན་ མ་དངུལ་རྒྱབ་སྐྱོར་པ་དང་ སྒེར་སྡེ་ལས་ རྒྱབ་སྐྱོར་ལེན་དགོཔ་དེ་ཁག་ཆེཝ་ཨིནམ་མ་ཚད་ ཡུན་བརྟན་སྦེ་ཕན་ནུས་ཅན་གྱི་བཀྲམ་སྤེལ་རིམ་བརྒྱུད་བསྒྲིག་ནིའི་དོན་ལུ་ སྲིད་བྱུས་ལེགས་བཅོས་དང་ འབྲེལ་མཐུད་སྒྲིང་སྒྲིང་བཟོ་དེ་ནི་ཁག་ཆེ་ཟེར་ཨིན་མས།

དེ་ཡི་དོན་ལུ་ བཟོ་གྲྭ་ཚོང་ལས་དང་ལཱ་གཡོག་ལྷན་ཁག་གི་བློན་པོ་རྣམ་རྒྱལ་རྡོ་རྗེ་གིས་འབད་བ་ཅིན་ ཚོང་འབྲེལ་ནང་ སྟབས་བདེ་སྒྲིག་ཡོད་པའི་སྲིད་བྱུས་བཟོ་དོ་ཨིནམ་མ་ཚད་ རྒྱལ་ཁབ་ནང་ ཡུན་བརྟན་ཅན་དང་ ཚོང་འབྲེལ་ཚུལ་མཐུན་སྦེ་འཐབ་ནིའི་དོན་ལུ་ སྲིད་བྱུད་ཚུ་སྒྲིག་དོ་ཟེར་ཨིན་མས། བློན་པོ་གིས་འབད་བ་ཅིན་ ཕྲལ་མགྱོགས་ར་ གཞུང་གིས་ བསྐྱར་ཞིབ་འབད་ཡོད་པའི་ ཕྱིའི་མ་རྩ་གཞི་བཙུགས་ཀྱི་སྲིད་བྱུད་དེ་བསྟར་སྤྱོད་འབད་ནི་ཟེར་ཨིན་མས།

དོ་རུང་ སོ་ནམ་དང་སྒོ་ནོར་ལྷན་ཁག་གི་བློན་པོ་ ཡོན་ཏན་ཕུན་ཚོགས་ཀྱིས་སླབ་མིའི་ནང་ སོ་ནམ་གྱི་ལཱ་ནང་ ཕྱིའི་མ་རྩ་གཞི་བཙུགས་དེ་ཁག་ཆེཝ་ལས་ རྒྱལ་ཁབ་ནང་ ཚོང་འབྲེལ་གྱི་དོན་ལུ་གྲ་སྒྲིག་ཡོདཔ་ལས་ སྙིང་སྟོབས་ཅན་གྱི་སྲིད་བྱུས་གཞི་བཙུགས་འབད་ནི་ཨིན་ཟེར་བཤད་ཅི།

སོ་ནམ་བློན་པོ་གིས་འབད་བ་ཅིན་ དེ་བཟུམ་མའི་བསྐྱར་ཞིབ་འབད་ཡོད་པའི་ཕྱི་མ་རྩ་གཞི་བཙུགས་ཀྱི་སྲིད་བྱུས་དེ་གིས་ མ་རྩ་གཞི་བཙུགས་འབད་མི་ཚུ་ལུ་ སྟབས་བདེ་དྲག་འོང་ནི་ཨིནམ་དང་ གཞི་བཙུགས་འབད་ནིའི་གནས་སྟངས་ཡར་དྲག་འགྱོ་འོང་ཟེར་ཨིན་མས།

གྲོས་འཛོམས་འགོ་བྱེད་ནང་ བློན་ཆེན་གྱིས་སླབ་མིའི་ནང་ སྲིད་བྱུས་ཚུ་བསྐྱར་ཞིབ་འབད་ནི་ཟེར་ཨིནམ་ད་ རྒྱབ་སྣོན་ཚུ་ཡང་ངོས་ལེན་འབད་ནི་ཨིན་ཟེར་བཤད་ཡོད་པའི་གནས་ཚུལ།

འབྲུག་སོ་ནམ་བཟའ་འཐུང་ཚོང་འབྲེལ་དང་ མ་རྩ་གཞི་བཙུགས་ཀྱི་གྲོས་འཛོམས་ནང་ སྟེགས་ཚོང་པ་ ༣༠ དེམ་ཅིག་གིས་ སྔར་སྲོལ་དང་ བསྲེ་སྦྱོར་གྱི་བཞེས་སྒོ་ཚུ་ཡང་འགྲེམས་སྟོན་འབད་ཡོདཔ་ཨིན་མས།

འབྲུག་སོ་ནམ་བཟའ་འཐུང་ཚོང་འབྲེལ་དང་ མ་རྩ་གཞི་བཙུགས་ཀྱི་གྲོས་འཛོམས་ཡང་ སོ་ནམ་དང་སྒོ་ནོར་ལྷན་ཁག་དང་ བཟོ་གྲྭ་ཚོང་ལས་དང་ལཱ་གཡོག་ལྷན་ཁག་ དེ་ལས་འབྲུག་ཚོང་དང་བཟོ་གྲྭའི་ཚོགས་སྡེ་ འབྲུག་ལུ་འཛམ་གླིང་སྤྱི་ཚོགས་ཀྱི་བཟའ་འཐུང་དང་སོ་ནམ་ལས་ཚོགས་ ཡུ་རོབ་པེན་ཚོགས་སྡེ་ཚུ་གིས་མཉམ་འབྲེལ་ཐོག་ འགོ་འདྲེན་འཐབ་ཡོད་པའི་གནས་ཚུལ།

སངས་རྒྱས་རབ་བརྟན།