འབྲུག་རྒྱལ་ཁབ་འདི་ སྤྱི་ལོ་ ༢༠༣༤ ལས་ ཐབས་བྱུས་རྒྱ་ཆེན་པོའི་ཐོག་ལས་ གོང་འཕེལ་གཏང་ནིའི་དོན་ལུ་ འཆར་གཞི་ ༡༣ པ་ནང་ འཆར་དངུལ་ དངུལ་ཀྲམ་ ཐེར་འབུམ་ ༥༡༢ དེམ་ཅིག་བཞག་ཡོདཔ་ཨིན་མས། དེ་ཡང་ སྤྱི་ཚོགས་ བཞི་པའི་ རྒྱལ་ཡོངས་ཚོགས་འདུའི་ཚོགས་ཐེངས་དང་པ་ནང་ དངུལ་རྩིས་བློན་པོ་ལས་སྐྱིད་རྡོ་རྗེ་གིས་ སྤྱི་ཟླ་ ༦ པའི་སྤྱི་ཚེས་ ༡༣ ལུ་ འཆར་གཞི་ ༡༣ པའི་འཆར་དངུལ་སྙན་ཞུ་འབད་ཡོདཔ་ཨིན།
འཆར་གཞི་ ༡༣ པ་ནང་ འཆར་དངུལ་དངུལ་ཀྲམ་ཐེར་འབུམ་ ༥༡༢ བཞག་མི་ཡང་ མི་སེར་ཡར་དྲག་དང་གོང་འཕེལ་ཟེར་བའི་བརྗོད་དོན་ཐོག་ རྒྱལ་ཁབ་འདི་ དཔལ་འབྱོར་ཐོག་ལས་རྐྱངམ་གཅིག་ཡར་རྒྱས་གཏང་ནི་མེན་པར་ ཡུན་བརྟན་ཅན་སྦེ་ མི་སྡེ་དང་རང་བཞིན་གནས་སྟངས་དང་མཐུན་སྦེ་གོང་འཕེལ་གཏང་ནིའི་ནང་ གཙོ་བོ་བཏོན་ནིའི་དོན་ལུ་ཨིན་མས།
དངུལ་འབྲེལ་སྲིད་བྱུས་ཀྱི་དམིགས་ཡུལ་ཐོག་ འཆར་གཞི་གིས་ རྒྱལ་ཁབ་ནང་ ཡོངས་རྫོགས་ཅན་གྱི་དཔལའབྱོར་གོང་འཕེལ་གཏང་ནི་ཨིནམ་མ་ཚད་ དངུལ་འབྲེལ་སྲིད་བྱུས་བག་ཡོད་ཐོག་ལས་ ཁྱབ་ཆེ་བའི་དཔལ་འབྱོར་རིག་པ་རྩ་བརྟན་བཟོ་ནི་ཨིན་མས། འཆར་གཞི་གི་དམིགས་དོན་ནང་ལས་ རྩིས་ཆད་ བརྒྱ་ཆ་ ༣ དེམ་ཅིག་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་གྱི་འོག་རྒྱུ་བཞག་ནི་ཨིན་མས། དེ་ཡང་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་གྱི་ཁྲལ་གྱི་ཆ་ཚད་ བརྒྱ་ཆ་ ༡༥ ཡན་ཆད་དང་ གློག་མེ་མིན་པའི་བུ་ལོན་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ལས་བརྒྱ་ཆ་ ༥༥ འོག་རྒྱུ་བཞག་ནི་དོན་ལུ་ཨིན་མས།
ཐོན་ཁུངས་གྱི་ཚོད་རྩིས་བཏོན་མི་དང་འཁྲིལ་བ་ཅིན་ དངུལ་ཀྲམ་ས་ཡ་ ༤༥༦ ལྷགཔ་ཅིག་ བཏོན་ཡོདཔ་ད་ ནང་འཁོད་འོང་འབབ་དངུལ་ཀྲམ་ ས་ཡ་ ༣༢༧, ༣༤༦ དེམ་ཅིག་གི་རྩིས་རྐྱབ་ཡོདཔ་ཨིན་མས། དེ་ལས་ཕྱིའི་མ་དངུལ་གྲོགས་རམ་དངུལ་ཀྲམ་ས་ཡ་ ༡༢༥ དེམ་ཅིག་བཏོན་ཡོདཔ་ད་ དེ་ཡང་ མང་ཤོས་ར་ རྒྱ་གར་གཞུང་ལས་འཐོབ་ནི་ཨིན་མས། འཆར་དངུལ་ནང་ ཁྲལ་ལས་བརྟེན་པའི་འོང་འབབ་དེ་ དངུལ་ཀྲམ་ས་ཡ་ ༢༣༠ ༦༢༣ དེམ་ཅིག་ཨིནམ་ད་ ཁྲལ་མིན་པའི་འོང་འབབ་དངུལ་ཀྲམ་ས་ཡ་ ༩༦,༧༢༣ དེམ་ཅིག་ཚོད་རྩིས་བཏོན་ཡོདཔ་ཨིན་མས།
འཆར་དངུལ་ཡང་ གསར་སྒྲུབ་དང་རྒྱུན་སྐྱོང་ཟད་འགྲོ་གཉིསཔ་ཆ་ར་ནང་ གཙོ་བོ་བཏོན་ནི་ཨིན་མི་ནང་ ཟད་འགྲོ་དངུལ་ཀྲམ་ ༥༡༢,༢༨༣ གནས་ནི་ཨིན་མས། དེ་ནང་ལས་ རྒྱུན་སྐྱོང་མ་དངུལ་ དངུལ་ཀྲམ་ས་ཡ་ ༢༦༧,༢༨༣ དང་ གསར་སྒྲུབ་མ་དངུལ་ དངུལ་ཀྲམ་ས་ཡ་ ༢༤༥,༠༠༠ གནས་ནི་གི་ཚོད་རྩིས་བཏོན་ཡོདཔ་ཨིན་མས།
ཨིན་རུང་ འཆར་དངུལ་དང་ ཟད་འགྲོའི་བར་ན་ མ་དངུལ་གྱི་རྩིས་ཆད་ དངུལ་ཀྲམ་ས་ཡ་ ༡༦ དེམ་ཅིག་འཐོན་ནི་ཨིན་མས།
འཆར་གཞི་ ༡༣ པའི་ལས་སྣ་ཚུ་ དོན་སྨིན་ཅན་སྦེ་ བསྟར་སྤྱོད་འབད་ནིའི་དོན་ལུ་ ལྟ་རྟོག་དང་དབྱེ་ཞིབ་ལམ་ལུགས་སྒྲིང་སྒྲིང་འོང་དགོཔ་དེ་ཁག་ཆེཝ་ཨིནམ་ལས་ ད་ལྟོའི་གཞི་བཀོད་ཚུ་ སྒྲིང་སྒྲིང་བཟོ་བའི་སྒང་ཡོད་ཟེར་བའི་གནས་ཚུལ།
སངས་རྒྱས་རབ་བརྟན།












