མི་མང་གི་ཉོ་སྤྱོད་ཉན་སྲུང་དང་བདག་དབང་ དེ་ལས་ལམ་ལུགས་དང་ཁྲིམས་མཐུན་བཟོ་ནིའི་དོན་ལུ་ ཚོང་འབྲེལ་འཐབ་ཐངས་ནང་ མོང་སྒར་དང་ ལྷུན་རྩེ་རྫོང་ཁག་ནང་ དོ་འགྲན་དང་ཉོ་སྤྱོད་དབང་འཛིན་གྱིས་ གསང་བའི་ཞིབ་དཔྱད་འབད་ཡོདཔ་ཨིན་མས། ཞིབ་དཔྱད་ཡང་ ཉིམ་ ༡༣ གི་རིང་ དབང་འཛིན་གྱིས་ རྫོང་ཁག་གཉིས་ཀྱི་ ཁྲོམ་གཙོ་བོ་ཚུ་ནང་ འབད་ཡོདཔ་ཨིན་མས།
དབང་འཛིན་གྱིས་ ཞིབ་དཔྱད་དེ་ འབྲུག་བཟའ་སྤྱོད་དང་སྨྱོ་རྫས་བཀག་འཛིན་དབང་འཛིན་དང་ བཟོ་གྲྭ་ཚོང་ལས་དང་ལཱ་གཡོག་ལྷན་ཁག་གི་ མོང་སྒར་ལུང་ཕྱོགས་ཡིག་ཚང་དང་ མཉམ་འབྲེལ་ཐོག་འབད་ཡོདཔ་ཨིན་མས།
ཞིབ་དཔྱད་ནང་ ས་གནས་ཀྱི་ཚོང་པ་ཚུ་གིས་ ཚོང་ཉོ་མི་ཚུ་གིས་ མཁོ་འདོད་བཀོད་པའི་ཤུལ་ལས་ དྭངས་གསལ་གྱི་དོན་ལུ་ བརྒྱ ཆ་ ༩༥ ལྷགཔ་ཅིག་གིས་ པར་ཡིག་འབྱོར་འཛིན་སྤྲོད་དོ་ཨིནམ་སྦེ་ ཤེས་རྟོགས་བྱུང་ཡོདཔ་ཨིན་མས།
ཨིན་རུང་ ཞིབ་དཔྱད་སྐབས་ ཚོང་ཁང་ཆུང་བ་ ༩༨ དེམ་ཅིག་གི་ནང་ལས་ བརྒྱ་ཆ་ ༡༢ ལྷགཔ་ཅིག་གིས་ ཅ་ཆས་ནང་སྒམ་ཡིག་བཏགས་ནི་ནང་ ཁྱད་ཚད་མ་ལྡནམ་སྦེ་མཐོང་ཡོདཔ་ཨིན་མས། དེ་ཡང་ ས་གནས་ལས་འཐོན་པའི་ བཟའ་འཐུང་ཐོན་སྐྱེད་ཚུ་ནང་ ཁྱད་ཚད་མ་ལྡནམ་སྦེ་མཐོང་ཡོདཔ་ཨིན་མས།
ཞིབ་དཔྱད་སྐབས་ བཟང་སྤྱོད་གཅིག་དེ་ ཉོ་སྤྱོད་འབད་མིའི་དོན་ལུ་ ཅ་ཆས་ཚུ་ནང་ གོང་ཡིག་ཞབས་ཏོག་འགྲེམས་སྟོན་དེ་ དྭངས་གསལ་ཅན་ཡོདཔ་སྦེ་ཤེས་རྟོགས་བྱུང་ཡོདཔ་ཨིན་མས།
ཨིན་རུང་ ཚ་གྱང་ཅན་གྱི་གནད་དོན་གཅིག་དེ་ ཚོང་ཁང་ ༢༨ དེམ་ཅིག་ནང་ བཟོ་སྦྱོར་གྱི་བཟའ་འཐུང་རིགས་ཚུ་ དུས་ཚོད་ཡོལ་རུང་བཙོང་དོ་ཨིནམ་སྦེ་ ཤེས་རྟོགས་བྱུང་ཡོདཔ་ཨིན་མས།
དོ་འགྲན་དང་ཉོ་སྤྱོད་དབང་འཛིན་གྱི་སྙན་ཞུ་དང་འཁྲིལ་བ་ཅིན་ ཉོ་སྤྱོད་འབད་མི་ མི་མང་གི་བདེ་སྡུག་གི་དོན་ལུ་དང་ ཁྲིམས་མཐུན་སྦེ་བཞག་ཐབས་ལུ་ དེ་བཟུམ་མའི་ གསང་བའི་ཞིབ་དཔྱད་ཁག་ཆེ་ཟེར་བཀོད་ཡོད་པའི་གནས་ཚུལ།
སངས་རྒྱས་རབ་བརྟན།













