སྲིད་ཚོགས་གཉིས་ཀྱིས་ སྤྱིར་གཏང་བཙག་འཐུ་ནང་ འདེམས་ཁོངས་ཁས་བླངས་ལུ་གཙོ་བོ་བཏོན་དོ་ཡོདཔ།

འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ སྤྱིར་བཏང་བཙག་འཐུ་གི་དོན་ལུ་ སྲིད་ཚོགས་གཉིས་ཀྱིས་ སྐུལ་བསྒྲགས་འབད་ཆོག་པའི་གསལ་བསྒྲགས་འབད་བའི་ཤུལ་ལས་ སྤྱི་ཟླ་ ༡༢ པའི་སྤྱི་ཚེས་ ༡༢ ལས་ སྐུལ་བསྒྲགས་འབད་ནི་འགོ་བཙུགས་ཡོདཔ་ཨིན་མས། བྷུ་ཊཱན་རྟེན་འབྲེལ་ཚོགས་པ་དང་ འབྲུག་དམངས་གཙོ་ཚོགས་པ་གཉིས་ཀྱིས་ རྒྱལ་ཡོངས་ཀྱི་ཁས་བླངས་དེ་ འགོ་ཐོག་བཙག་འཐུའི་སྐབས་སུ་འབད་ཡོདཔ་ལས་ སྤྱིར་གཏང་བཙག་འཐུ་སྐབས་སུ་ འདེམས་ཁོངས་ཀྱི་ཁས་བླངས་ནང་གཙོ་བོ་བཏོན་དོ་ཡོདཔ་ཨིན་མས།

བྷུ་ཊཱན་རྟེན་འབྲེལ་ཚོགས་པའི་གཙོ་འཛིན་ པདྨ་ཚེ་དབང་གིས་ མོང་སྒར་ཐང་རོང་ནང་སྐུལ་བསྒྲགས་འབད་མིའི་ནང་ ཐང་རོང་ལས་འབྲས་སྤུངས་ཚུན་གྱི་ སྣུམ་འཁོར་ལམ་ཀི་ལོ་མི་ཊར་ ༢༨ འབད་མི་ཉམས་བཅོས་འབད་ནི་ཨིན་ཟེར་ཁས་བླངས་འབད་ནུག ད་ལྟོ་ལམ་གྱི་གནས་སྟངས་སྐྱོ་དྲག་སྦེ་འབད་ཡོདཔ་ཨིན་མས། མི་སེར་སོ་ནམ་པ་ཚུ་གིས་སླབ་མིའི་ནང་ ལམ་གྱི་གནས་སྟངས་ལེགས་ཤོམ་མེདཔ་ལས་ མོང་སྒར་འགྱོ་ནིའི་དོན་ལུ་ དུས་ཚོད་ལེ་ཤ་དགོ་མས་ཟེར་ཨིནམ་ད་ གནམ་བྱཱར་སྐབས་སུ་ དཀའ་ངལ་འཐོན་མས་ཟེར་ཨིན་མས།

དེ་ལས་ གཙོ་འཛིན་གྱིས་གསལ་བསྒྲགས་འབད་བ་ཅིན་ ཤེས་རི་ཆུ་དང་སྐུ་རི་གོང་རི་གི་བར་ན་ གཞུང་ལམ་ཆུང་བ་བཟོ་ནི་ཨིནམ་ལས་ ལམ་འདི་གིས་ དགྲ་མེད་རྩེ་དང་ ང་ཚང་གི་འདེམས་ཁོངས་འོག་ལུ་ འདེམས་ཁོངས་གྱི་རྒེད་འོག་བདུན་ནང་ཕན་ཐོག་ནི་ཨིན་མས་ཟེར་བཤད་ཅི། དེ་གིས་ ཐང་རོང་གི་མི་སེར་ཚུ་ མོང་སྒར་དང་ དེ་ལས་རྒྱལ་པོ་ཞིང་དང་ངང་ལམ་ལུ་འགྲོ་གྲུལ་འབདཝ་ད་ དུས་ཡུན་ཐུང་ཀུ་ཅིག་ནང་ལྷོད་ཚུགས་ནི་ཨིན་མས།

མི་སེར་དམངས་གཙོ་ཚོགས་པའི་གཙོ་འཛིན་ ཚེ་རིང་སྟོབས་རྒྱས་ཀྱིས་ཞལ་སྒང་ལུ་སྐུལ་བསྒྲགས་འབད་མི་ནང་ ཚོགས་པ་འདི་ཧེ་མ་གཞུང་སྐྱོང་འབད་སྡོདཔ་ད་ལུ་ ཆར་གཞི་བརྩམས་ཡོད་དོ་བཟུམ་སྦེ་ པཱན་བངས་ཁྲོམ་ཡར་རྒྱས་གཏང་ནི་ཟེར་ཁས་བླངས་འབད་ཡོདཔ་ཨིན་མས། གཙོ་འཛིན་གྱིས་སླབ་མིའི་ནང་ ཀྲོང་གསར་དང་ ཏིང་ཏི་བི་ དེ་ལས་ པཱན་བངས་དང་ངང་ལམ་གྱི་ལམ་ཚུ་ཡར་དྲག་གཏང་ནི་ཨིན་ཟེར་ཁས་བླངས་འབད་ནུག

དེ་ལས་གཙོ་འཛིན་གྱིས་འདེམས་ཁོངས་ཀྱི་དོན་ལུ་སྐུལ་བསྒྲགས་འབད་མི་ནང་ གློག་མེ་བཀྲམ་སྤེལ་བརྟན་ཏོག་ཏོ་བཟོ་ནི་ཨིནམ་མ་ཚད་ སོ་ནམ་ཞིང་པའི་དོན་ལུ་ ལྕགས་ཀྱི་དྲྭ་མིག་རཝ་སྤྲོད་ནི་ཨིན་ཟེར་ཁས་བླངས་འབད་ནུག ཨིན་རུང་ཡང་གཙོ་འཛིན་གྱིས་འབད་བ་ཅིན་ དམིགས་ཡུལ་འགྲུབ་ནིའི་དོན་ལུ་ སྲིད་ཚོགས་ག་གིས་འབད་ཚུགས་ནི་ཨིན་ན་ མི་སེར་ཚུ་གིས་བལྟ་དགོ་ཟེར་སླབ་ཡོདཔ་ཨིན་མས།

བྱང་ཐིམ་ཕུག་གི་འབྲུག་གི་དམངས་གཙོ་ཚོགས་པའི་འདེམས་ངོ་ཚེ་རིང་གིས་འབད་བ་ཅིན་ ཐིམ་ཁྲོམ་ནང་འཐུང་ཆུ་རྒྱུན་མ་ཆད་པར་ཀྲམ་སྤེལ་འབད་ནི་དང་ ལམ་ཉམས་བཅོས་འབད་ནི་ གཞན་ཉེན་སྲུང་གི་དོན་ལུ་ རྒྱངམཐོང་པར་ཆས་ཚུ་བཙུགས་ནི་ཨིནམ་ད་ སྣུམ་འཁོར་བཞག་འཐུས་ཚུ་མེདཔ་སྦེ་བཟོ་ནི་ཨིན་ཟེར་ཁས་བླངས་འབད་ནུག དེ་ལས་འདེམས་ངོ་གིས་འབད་བ་ཅིན་ རྒྱུ་དངོས་ཁྲལ་གྱི་ལམ་ལུགས་ཚུ་ བསྐྱར་ཞིབ་འབད་ནི་ཨིན་ཟེར་བཤད་ཅི།

བྷུ་ཊཱན་རྟེན་འབྲེལ་ཚོགས་པའི་འདེམས་ངོ་ བསོད་ནམས་དཔལ་འབྱོར་གྱིས་ཁས་བླངས་འབད་མིའི་ནང་ མི་སེར་དམངས་གཙོ་ཚོགས་དང་ཆ་འདྲ་བའི་ཁས་བླངས་ རྒྱངམཐོང་པར་ཆས་ཚུ་བཙུགས་ནི་དང་ ཁྲོམ་ནང་གློག་མེ་བཙུགས་ནི་གི་ཁས་བླངས་ཚུ་འབད་ཡོདཔ་ཨིན་མས།

དེ་བཟུམ་སྦེ་ མི་མང་རྩོད་འགྲན་ནང་ ལཱ་ཡ་ཁ་སྟོད་ཀྱི་འདེམས་ཁོངས་ཀྱི་དོན་ལུ་ བྷུ་ཊཱན་རྟེན་འབྲེལ་ཚོགས་པའི་འདེམས་ངོ་ ཨྱོན་སྒྲོལམ་གྱིས་འབད་བ་ཅིན་ སྣུམ་འཁོར་ལམ་རྩི་ནག་གཏང་ནི་དང་ ལྕགས་ཀྱི་དྲྭ་མིག་རཝ་སྤྲོད་ནི་ ནོར་གྱི་བྱང་ས་ནང་ལས་ཕར་ཉི་དྲོད་གློག་མེ་སྤྲོད་ནི་དང་ གཞི་རྟེན་མཁོ་ཆས་བཟོ་དེ་ ཚོང་ལམ་ཚུ་ཡར་དྲག་གཏང་དེ་ ལཱ་གོང་གསུམ་གྱི་མི་སེར་ཚུ་གི་འཚོ་བའི་གནས་སྟངས་ཡར་དྲག་གཏང་ནིའི་ཁས་བླངས་འབད་ཡོདཔ་ཨིན་མས།

མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ ལྷག་པ་གིས་ཡང་ སྣུམ་འཁོར་ལམ་ཡར་དྲག་གཏང་ནི་དང་ སློབ་གྲྭ་ལྟེ་བ་བཙུགས་ནི་ཨིནམ་དང་ དེ་ལས་ ལཱ་ཡ་ལུ་སྣུམ་བླུགས་ས་བཟོ་ནི་དང་ འུ་ན་ཁ་ལུ་ ལྟ་བཤལ་ས་ཁོངས་བཟོ་ནི་གི་ཁས་བླངས་འབད་ཡོད་པའི་གནས་ཚུལ།

སངས་རྒྱས་རབ་བརྟན།