སྤྱི་ཟླ་ ༡༡ པའི་ནང་ཉོས་སྤྱོད་གོང་ཚད་བརྡ་སྟོན་ཁྲམ་རིས་བརྒྱ་ཆ་ ༤་༦༠ གིས་ཡར་འཛེག་ཡོདཔ།

སྤྱི་ཟླ་ ༡༡ པའི་ནང་ཉོས་སྤྱོད་གོང་ཚད་བརྡ་སྟོན་ཁྲམ་རིས་བརྒྱ་ཆ་ ༤་༦༠ གིས་ཡར་འཛེག་ཡོདཔ།

སྤྱི་ལོ་དེ་ཡི་སྤྱི་ཟླ་ ༡༡ པའི་ནང་ ཟ་འཐུང་ཉོ་སྤྱོད་དང་ཞབས་ཏོག་གི་གོང་ཚད་འདི་ ནང་ཧིང་གི་ སྤྱི་ཟླ་ ༡༡ པ་དང་ག་བསྡུར་འབད་བ་ཅིན་ བརྒྱ་ཆ་༤་༦༠ གིས་ ཡར་སེང་སོང་ཡོདཔ་ཨིན་མས། རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་གྱི་སྙན་ཞུ་དང་འཁྲིལ་བ་ཅིན་ གོང་ཚད་འདི་ ཟ་སྤྱོད་དང་ཟ་སྤྱོད་མིན་པའི་ཅ་རྣམས་གཉིས་ཆ་ར་ལུ་ གོང་ཚད་སེང་ཡོདཔ་ཨིན་མས།

སྙན་ཞུ་དང་འཁྲིལ་བ་ཅིན་ ཟ་སྤྱོད་ཀྱི་ཅ་རྣམས་ལུ་ བརྒྱ་ཆ་ ༥་༢༡ དང་ཟ་སྤྱོད་མིན་པའི་ཅ་རྣམས་ལུ་ བརྒྱ་ཆ་ ༤་༠༩ གིས་ཡར་སེང་སོང་ཡོདཔ་ཨིན་མས། གོང་ཚད་ཡར་འཕར་གྱི་དབྱེ་ཁག་གཙོ་བོ་ ༡༢ ལས་ བརྒྱུད་འབྲེལ་དང་སྐྱེལ་འདྲེན་གཉིས་ཀྱི་དབྱེ་ཁ་ནང་མ་གཏོགས་ གཞན་གེ་ར་ནང་ཡར་སེང་ཡོདཔ་ཨིན་མས། བརྒྱུད་འབྲེལ་གྱི་དབྱེ་ཁག་ནང་ བརྒྱ་ཆ་ ༢་༨༦ དང་སྐྱེལ་འདྲེན་གྱི་དབྱེ་ཁག་ནང་ བརྒྱ་ཆ་ ༠་༩༩ དེམ་ཅིག་གིས་མར་འབབ་ཡོདཔ་ཨིན་མས།

བཟའ་འཐུང་གི་རིགས་ནང་ བཟའ་ཆས་དང་ཆང་མིན་གྱི་རིགས་ནང་གོང་ཚད་བརྒྱ་ཆ་ ༥་༡༦ གི་ཡར་སེང་སོང་ཡོདཔ་ད་ ཆང་གི་རིགས་ལུ་ བརྒྱ ཆ་ ༥་༨༡ གིས་ ཡར་སེང་སོང་ཡོདཔ་ཨིན་མས། དེ་བཟུམ་སྦེ་ ཁྱིམ་གྱི་ཅ་ཆས་ཚུ་ལུ་ གོང་ཚད་བརྒྱ་ཆ་ ༩་༥༡ གིས་ཡར་སེང་སོང་ཡོདཔ་ཨིན་མས།

ཉོས་སྤྱོད་གོང་ཚད་བརྡ་སྟོན་ཁྲམ་རིས་འདི་ རྒྱལ་ཁབ་ནང་བཟའ་འཐུང་དང་ཞབས་ཏོག་གི་གོང་ཚད་ དུས་ཡུན་ཅིག་ནང་ ཟ་ཚང་ཚུ་གིས་ བསྒྱུར་བ་འབག་འོང་མི་ལུ་དགོ་ནི་ཨིན་མས། དེ་བཟུམ་ཉོས་སྤྱོད་གོང་ཚད་བརྡ་སྟོན་ཁྲམ་རིས་འདི་ དཔལ་འབྱོལ་བརྡ་སྟོན་སྦེ་བཟའ་འཐུང་ཉོ་མི་ཚུ་གིས་གོང་ཚད་ཡར་འཕར་དང་ཉོ་སྒྲུབ་ནུས་པ་བལྟ་ནིའི་དོན་ལུ་ ཡོངས་དྲགས་སྦེ་ལག་ལེན་འཐབ་དོ་ཨིན་མས།

དེ་ཡི་དོན་ལུ་ རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་གྱིས་ རྫོང་ཁག་ ༢༠ འི་ནང་ལས་ཚོང་ཁང་ ༤༥༠ དེམ་ཅིག་ལས་ཟླ་རེ་བཞིན་གོང་ཚད་བསྡུ་ལེན་འབད་དེ་ ཉོས་སྤྱོད་གོང་ཚད་བརྡ་སྟོན་ཁྲམ་རིས་བཏོན་དོ་ཡོདཔ་ཨིན་མས།

བཟའ་འཐུང་གི་དབྱེ་ཁག་ ༡༢ ལས་ སྤྱི་ལོ་ ༢༠༢༢ ལུ་ཡར་སེང་འགྱོ་མི་ནང་ བཟའ་ཆས་དང་ཆང་རིགས་ཀྱི་བཟའ་ཆས་ཀྱིས་ བརྒྱ་ཆ་ ༣༣ ལྷགཔ་ཅིག་ལྷན་ཐབས་འབད་ཡོདཔ་ད་ སྐྱེལ་འདྲེན་གྱིས་ཡང་བརྒྱ་ཆ་ ༣༣ དང་ བཀབ་གོ་ལ་དང་ལྷམ་ཆས་ཀྱིས་ ཉོས་སྤྱོད་གོང་ཚད་བརྡ་སྟོན་ཁྲམ་རིས་ཡར་སེང་ལུ་ བརྒྱ་ཆ་ ༡༣ དེམ་ཅིག་ལྷན་ཐབས་འབད་ཡོད་པའི་གནས་ཚུལ།

དངོས་གྲུབ་ལྷ་མོ།