སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ སངས་རྒྱས་མི་འགྱུར་གླིང་ འབྲུག་མི་ལ་སྲས་མཁར་དགུ་ཐོག་གཙུག་ཁང་ བཀྲ་ཤིས་རབ་གནས་གནང་ནི་ཨིནམ།

རང་ལུགས་གནམ་ལོ་ཆུ་ཕོག་སྟག་ལུ་ ཟླ་བ་བཅུ་པའི་ཚེས་ ༣ སྤྱི་ལོ་ ༢༠༢༢ ཟླ ༡༡ པའི་ཚེས་ ༢༦ ལུ་ དཔལ་ལྡན་འབྲུག་པའི་ཆོས་ཀྱི་དབུ་ཁྲི་དམ་པ་ སྐྱབས་རྗེ་ཡིད་བཞིན་ནོར་བུ་ རྗེ་མཁན་རིན་པོ་ཆེ་མཆོག་གིས་ ཕུན་ཚོགས་གླིང་ལུ་ སངས་རྒྱས་མི་འགྱུར་གླིང་ འབྲུག་མི་ལ་སྲས་མཁར་དགུ་ཐོག་གཙུག་ལག་ཁང་འདི་ བཀྲ་ཤིས་རབ་གནས་གནང་ནི་ཨིན་མས།

སངས་རྒྱས་མི་འགྱུར་གླིང་འབྲུག་མི་ལ་སྲས་མཁར་དགུ་ཐོག་གཙུག་ཁང་འདི་ སྤྱི་ལོ ༢༠༡༡ ལོ་ལུ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ ས་སླང་རྟེན་འབྲེལ་ མཛད་ཡོདཔ་ཨིན་མས།

སངས་རྒྱས་མི་འགྱུར་གླིང་འབྲུག་མི་ལ་སྲས་མཁར་དགུ་ཐོག་གཙུག་ཁང་འདི་ བསྟན་བདག་བླ་མ་སྐལ་བཟང་ཚུལ་ཁྲིམས་ཀྱིས་ སྤྱུ་ལོ་ ༢༠༠༧ ལུ་ མདོ་ཁམས་སྐྱོ་བྲག་ལུ་ཡོད་པའི་ སྲས་མཁར་དགུ་ཐོག་མཇལ་བའི་སྐབས་ དེ་བཟུམ་མའི་ལྷ་ཁང་འདི་ འབྲུག་རྒྱལ་ཁབ་ནང་ཡང་ བཞེངས་ཚུགས་པའི་སྨོན་ལམ་བཏབ་བཞིནམ་ལས་ ལྷོ་ཕྱོགས་ཕུན་ཚོགས་གླིང་ལུ་ སྤྱི་ལོ་ ༢༠༡༠ ལུ་ ཕྱག་བཏབ་ཡོདཔ་ཨིན་མས།

སངས་རྒྱས་མི་འགྱུར་གླིང་ འབྲུག་མི་ལ་སྲས་མཁར་དགུ་ཐོག་ ལྷ་ཁང་བཞེངས་དགོས་པའི་དམིགས་ཡུལ་ཡང་ ལྷ་ཁང་གསར་བཞེངས་ཀྱི་ལས་བྱེདཔ་ སློབ་དཔོན་ བསོད་ནམས་དབང་ཕྱུག་གིས་འབད་བ་ཅིན་  འཛམ་གླིང་སྤྱི་དང་ བྱེ་བྲག་འབྲུག་རྒྱལ་ཁབ་ནང་ ཞི་བདེའི་དོན་ལུ་ཞབས་རིམ་ སྒྲུབ་ནིའི་དོན་ལུ་དང་   ཆོས་དང་ལམ་སྲོལ་མི་ཉམས་གོང་འཕེལ་གཏང་ནི་དམིགས་ཏེ་ཨིནམ་ད་ ལྷག་པར་དུ་ དཔལ་མི་དབང་མངའ་བདག་ དབང་ཕྱུག་བརྒྱུད་འཛིན་ ཡུན་དུ་བརྟན་པའི་ལྕགས་རི་བཟུམ་ཅིག་སྦེ་ཨིན་ཟེར་བཤདཔ་ཨིན་མས།  

དེ་མ་ཚད་ ས་མཚམས་ཁར་ རང་ལུགས་སྔར་སྲོལ་ ཆོས་དང་ལམ་སྲོལ་མི་ཉམས་པར་བཞག་ཐབས་དང་ ནང་པ་སངས་རྒྱས་པའི་ བཤད་སྒྲུབ་ཀྱི་བསྟན་པ་མི་ཉམས་གོང་འཕེལ་གཏང་ནི་དང་ ཕུན་ཚོགས་གླིང་གི་མི་སྡེ་ལུ་ གཤིན་པོའི་དགེ་རྩ་དང་ གསོན་པོའི་རིམ་གྲོ་ལ་སོགས་པ་རིན་མེད་ཞབས་ཏོག་ འོས་མཚམས་ལྡན་སྦེ་ཕུལ་ནིའི་དོན་ལུ་དང་ དཔལ་ལྡན་འབྲུག་གི་ཆོས་སྲིད་ཀྱི་བསྟན་པ་ ཇི་སྲིད་ནམ་གནས་བཞག་ཐབས་  གཞན་མི་སེར་ཉམས་ཆུང་གི་བུ་གཞི་ཚུ་ ཆོས་སྐོར་འཇུག་པའི་གོ་སྐབས་སྤྲོད་ནིའི་དོན་ལུ་ཨིན་ཟེར་ཨིན་མས། 

སངས་རྒྱས་མི་འགྱུར་གླིང་ལུ་བཞེངས་མི་ལྷ་ཁང་ཚུ་གི་ བཟོ་བཀོད་ཡང་ གངས་ཅན་སྒྲུབ་པའི་གཙུག་རྒྱན་རྗེ་བཙུན་མི་ལ་རས་པ་གིས་ དཀའ་བ་སྤྱད་མི་ མཚོན་རྟགས་ལུ་ཨིན་མས།

སྲས་མཁར་དགུ་ཐོག་གྲུ་བཞི་འདི་ རྒྱས་པའི་ལས་འགྲུབ་རྟགས་མཚོན་ནིའི་དང་ ཀུན་རའི་ཚོགས་ཁང་པདྨ་དབང་གི་ཕོ་བྲང་ ཟླ་གམ་དབྱིབས་འདི་ དབང་གི་ལས་གྲུབ་པའི་རྟགས་དང་ དེ་ལས་ མགོན་ཁང་བདུད་དཔུང་ཟིལ་གནོན་ གྲུ་གསུམ་དབྱིབས་འདི་ དྲག་པོའི་ལས་གྲུབ་པའི་རྟགས་མཚོན་ནིའི་དོན་ལུ་ཨིན་མས།

མ་འོངས་པར་བཞེང་ནི་ཨིན་མི་ རིགས་གཞུང་ཚོགས་ཁང་ དབྱིབས་ཟླུམ་བོ་འདི་ ཞི་བའི་ལས་གྲུབ་པའི་རྟགས་དང་བཅས་ ལྷ་ཁང་ཚུ་རྒྱ་ཆེཝ་སྦེ་ཡོདཔ་མི་འདི་ ས་གནས་དེ་ཁར་ གནམ་བྱཱར་དགུན་མེད་པར་ཆར་ཆུ་མངམ་སྦེ་འབབ་དོ་ཡོདཔ་ལས་བརྟེན་ ཆོས་ཕྱོགས་བྱ་རིམ་འབདཝ་ད་ དཀའ་ངལ་སེལ་ཐབས་དང་ རྒྱལ་ཁབ་་ཕྱི་ནང་གཉིས་ཀྱི་གནས་བསྐོར་བ་ཚུ་ལུ་ བསོད་ནམས་བསགས་པའི་ཞིང་ཅིག་བཟོ་ནིིའི་དོན་ལུ་ཨིན་མས།

ལྷ་ཁང་བཞེངས་པའི་ མ་དངུལ་ དངུལ་ཀྲམ་བྱེ་བ་ ༤༧ དེམ་ཅིག་གནས་ཡོདཔ་ད་ ཨིན་རུང་ མ་དངུལ་མ་ལང་བའི་དཀའ་ངལ་དང་ གནམ་ཤིས་ རྩུབ་དྲགས་ལས་བརྟེན་ ཟླཝ་དག་པ་ཅིག་རིང་ ལཱ་འབད་མ་བཅུགཔ་མ་ཚད་ ཅ་ཆས་ཚུ་མེདཔ་ཐལ་བའི་གདོང་ལན་ཚུ་བྱུང་ཡི་ཟེར་ཨིན་མས། ལྷ་ཁང་གསར་བཞེངས་ཀྱི་ལས་འགུལ་ཡང་ དགོན་པའི་དབུ་མཛད་ཡེ་ཤེས་དབང་ཕྱུག་གི་ འགོ་འདྲེན་ཐོག་ བཞེངས་ཡོད་པའི་གནས་ཚུལ།

སྲས་མཁར་དགུ་ཐོག་འདི་ རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མི་ལ་རས་པ་གིས་ མར་པ་ལོ་ཙཱ་བའི་བཀའ་བཞིན་དུ་སྡིག་སྒྲིབ་སྦྱང་ནིའི་དོན་ལུ་ རབ་བྱུང་དང་པོའི་མེ་སྦྲུལ་ཕྱི་ལོ་༡༠༧༧ ལོ་ལུ་ཕྱག་བཏབ་ཡོདཔ་ཨིན་མས།

མི་ལ་རས་པ་འདི་ གུང་ཐང་སྨད་ཀྱི་ལུང་ཕྲན་ཀོ་རོན་དེའི་རྩ་བྱ་བར ཡབ་མི་ལ་ཤེས་རབ་རྒྱལ་མཚན་དང་ ཡུམ་མྱང་ཚ་དཀར་རྒྱན་གྱི་སྲས་སྦེ་རབ་བྱུང་དང་པོའི་ལྕགས་འབྲུག་ ༡༠༤༠ ལུ་འཁྲུངས་ཡོདཔ་ད་ ཡབ་འདས་པའི་ཤུལ་ལས་ ནོར་རྫས་ཚུ་ ཨ་ཁུ་དང་ཨ་ནེ་གིས་ཕྲོགས། མ་སྨད་རྣམས་ཤིན་ཏུ་མནར་ ལོ་བཅུ་དྲུག་ལུ་ཀློག་ཐངས་སྦྱངས་ ལོ་བཅོ་བརྒྱད་ལུ་ ཡུམ་གྱིས་སླབ་དོ་བཟུམ་སྦེ་ར་ མཐུ་སྦྱོང་བར་དབུས་སུ་བྱོན་ནུག

དེ་ཡང་ གཡུང་སྟོན་ཁྲོ་རྒྱལ་དང་ ལྷ་རྗེ་གནུབས་ཆུང་གཉིས་ལས་མཐུ་སྦྱངས་ དེ་ལས་མཐུ་གིས་དགྲ་ཚུ་ཁ་ཕུང་བཏང་ ཕོ་མོ་སུམ་ཅུ་རྩ་ལྔ་ཙམ་བསད། སེརཝ་གིས་ རང་ཡུལ་བྱེ་མའི་ཐང་ལུ་གྱུར་ སྡིག་པ་ལུ་ཤིན་ཏུ་འཇིགས་བཞིནམ་ལས་ ཆོས་ལུ་བྱོན་ཡོདཔ་ཨིན་མས། མི་ལ་རས་པ་གིས་ སྔགས་རྙིང་མའི་བླ་མ་བཅུ་ཙམ་ལ་ཡོངས་དྲིལ་ལོ་བཅོ་ལྔ་ཙམ་བསྟེན་ སྦྱངས་པ་ཤིན་ཏུ་ཆེ་ བསྐྱེད་རིམ་ལུ་ནུས་པ་ཐོན་རུང་ ཐུགས་མ་ཚིམས་པར་ རྗེ་མར་པའི་སྐུ་མདུན་ལུ་བྱོན་ནུག  དེ་སྐབས་ བླམ་མར་པ་གིས་ ལྷ་ཁང་དེ་ བཞེངས་བཅུག་ཡོདཔ་ཨིན་མས།

སངས་རྒྱས་རབ་བརྟན། ཕུན་ཚོགས་གླིང་།