Demographic shift at Sherubtse hampers businesses in Trashigang

ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་ལུ་ སློབ་ཕྲུག་མར་ཕརཔ་སོང་མི་གིས་ ས་གནས་ཀྱི་ཚོང་འབྲེལ་ལུ་ཐོ་ཕོག་ཡོདཔ།

སྤྱི་ལོ་ ༢༠༢༤ འི་ ཤེས་ཡོན་གྱི་དུས་ཡུན་ནང་ལས་འགོ་བཙུགས་ ཤེས་རབ་བརྩེ་མཐོ་རིམ་སློབ་གྲྭ་ནང་ སློབ་ཕྲུག་གི་འཛུལ་བཞུགས་ཀྱི་གྲངས་ཁ་ཉུང་སུ་སོང་ཡོདཔ་ལས་ ས་གནས་ཀྱི་ཚོང་པ་ཚུ་ལུ་ཐོ་ཕོག་ཡོདཔ་ཨིན་མས། བཀང་ལུང་འདི་ཤེས་རིགས་ཁྲོམ་ཚོགས་ཅིག་ཨིནམ་ལས་ ཤེས་རབ་བརྩེ་མཐོ་རིམ་སློབ་གྲྭའི་སློབ་དཔོན་དང་གྲྭ་སློབ་ཕྲུག་ཚུ་ལས་བརྟེན་ཏེ་ ད་ལྟོ་ཚུན་ཚོད་ བཀང་ལུང་དང་ བཀྲ་ཤིས་སྒང་ཚོང་པ་ཚུ་གི་ ཚོང་འབྲེལ་ལེགས་ཤོམ་འགྱོ་ཡོདཔ་ཨིན་རུང་ ས་གནས་ཀྱི་ཚོང་པ་ཚུ་གིས་འབད་བ་ཅིན་དུས་ཅི་ལས་ ཚོང་འབྲེལ་མར་ཕརཔ་སོང་ཡི་ཟེར་ཨིན་མས།

དེ་སྦེ་ཚོང་འབྲེལ་མར་ཕརཔ་འགྱོ་མི་དེ་ཡང་ དུས་ཅི་ ཤེས་རབ་བརྩེ་མཐོ་རིམ་སློབ་གྲྭ་ནང་ ཧེ་མའི་ལོ་དང་ཕྱེདཔ་ད་ སློབ་ཕྲུག་ ༣༠༠ དེམ་ཅི་གིས་ ཉུང་སུ་སོང་ཡོདཔ་ཨིན་མས། བཀང་ལུང་ལུ་ ཤེས་རབ་བརྩེ་མཐོ་རིམ་སློབ་གྲྭའི་ཉེ་འདབས་ནང་ ལོ་ངོ་ལེ་ཤ་གི་ཧེ་མ་ལས་ཚོང་རྐྱབ་སྡོད་མི་ཚོང་པ་ཅིག་གིས་ ང་བཅས་འབྲུག་ཚོང་འབྲེལ་གསར་ཤོག་ལས་ཁང་ལུ་སླབ་མིའི་ནང་ མཐོ་རིམ་སློབ་གྲྭ་ནང་སློབ་ཕྲུག་ཉུང་སུ་འགྱོ་མི་གིས་ ཚོང་འབྲེལ་ནང་ ཐོ་སྦོམ་སྦེ་ར་ཕོག་ཡི་ཟེར་ཨིན་མས།

དེ་བཟུམ་སྦེ་ ས་གནས་ཀྱི་ཚོང་པ་ཅིག་ཨིན་མི་ བཀྲ་ཤིས་ཕུན་ཚོགས་ཀྱིས་བཤད་མིའི་ནང་  བཀང་ལུང་ནང་ཚོང་ཉོ་མི་མངམ་ར་ མཐོ་རིམ་སློབ་གྲྭའི་སློབ་ཕྲུག་ཨིནམ་ལས་ ཚོང་འབྲེལ་ནང་ཐོ་ཕོག་ཡི་ཟེར་ཨིན་མས།

བཀྲ་ཤིས་སྒང་རྫོང་ཁག་གི་དཔལ་འབྱོར་གོང་འཕེལ་འགོ་དཔོན་ ཀུན་ལེགས་རྡོ་རྗེ་གིས་འབད་བ་ཅིན་ དེ་སྦེ་སློབ་ཕྲུག་གི་གྲངས་ཁ་མར་ཕརཔ་སོང་མི་གིས་ ཚོང་པ་ཚུ་ལུ་ཐོ་ཕོག་ནི་དེ་ངེས་དོན་ཨིན་རུང་ རྒྱལ་ཁབ་ནང་ར་ མི་སློབ་ཉུང་བའི་སྟབས་ཀྱིས་ གདོང་ལན་འབྱུང་དོ་ཟེར་ཨིན་མས། འགོ་དཔོན་གྱིས་འབད་བ་ཅིན་ ས་གནས་ཚུ་གིས་ འོང་འབབ་གཙོ་བོ་ ཤེས་རབ་བརྩེ་མཐོ་རིམ་སློབ་གྲྭའི་སློབ་དཔོན་དང་ སློབ་ཕྲུག་ལུ་བརྟེན་སྡོད་དོ་ཨིན་རུང་ ཚོང་འབྲེལ་དེ་སློབ་ཕྲུག་གཅིག་ཁར་རྐྱངམ་གཅིག་འཐབ་ནིའི་དོན་ལུ་མེན་པར་ ད་ལས་ཕར་ མི་མང་གཞན་གྱི་དོན་ལུ་ཡང་ ཚོང་འབྲེལ་འཐབ་ནི་གིས་ གནས་སྐབས་གསརཔ་བཏོན་ནི་དེ་ཡང་ཁག་ཆེ་བས་ཟེར་ཨིན་མས།

བཀང་ལུང་རྒརཔོ་ ཀུན་བཟང་རྡོ་རྗེ་གིས་སླབ་མིའི་ནང་ ས་གནས་ནང་ མི་རློབ་ཉུང་སུ་འགྱོ་བ་ཅིན་ ཚོང་ལཱ་ནང་གནོད་ནི་དེ་ རང་བཞིན་ཅིག་ཨིན་རུང་ མ་འོངས་པ་ནང་ ཚོང་ལམ་དེ་ལེགས་ཤོམ་འགྱོ་ནི་གིས་རེ་བ་བསྐྱེད་དོ་ཟེར་ཨིན་མས།

སློབ་ཕྲུག་ཉུང་སུ་འགྱོ་བའི་རྒྱུ་མཚན་དེ་ མཐོ་རིམ་སློབ་གྲྭ་ནང་ སློབ་ཚན་ཁག་དག་པ་ཅིག་ བཏོན་གཏང་ནི་དེ་གིས་ཨིན་མས། དེ་ཡང་ རྒྱལ་ཁབ་ཀྱི་ཡར་རྒྱས་ཀྱི་དགོས་མཁོ་དང་བསྟུན་ སློབ་ཚན་ཚུ་ཕྱིར་བཏོན་འབད་ནི་དེ་གི་ཐབས་བྱུས་བཏོན་ཡོདཔ་ཨིན་མས། ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་ལས་ སློབ་ཚན་ཡང་ སྒྱུ་རྩལ་དང་མི་ཆོས་རིག་པ་ ཚན་རིག་ དེ་ལས་རྫོང་ཁ་དང་ དབྱིན་ཡིག་སློབ་ཚན་ དེ་ལས་ བརྡ་བརྒྱུད་ཀྱི་སློབ་ཚན་དང་ རྒྱལ་རབས་སློབ་ཚན་དང་ གཞན་མི་རློབས་འཕེལ་རྒྱས་ཀྱི་སློབ་ཚན་ཚུ་བཏོན་གཏང་ཡོདཔ་ཨིན་མས། དེ་ལས་ ས་ཁམས་རིག་པ་དང་ མཐའ་འཁོར་གནས་སྟངས་ཀྱི་སློབ་ཚན་ གློག་ཀླད་སློབ་ཚན་ དེ་ལས་གྲངས་རྩིས་སློབ་ཚན་ཚུ་བཏོན་གཏང་ཡོད་པའི་གནས་ཚུལ།

སངས་རྒྱས་རབ་བརྟན།