རང་ལུགས་གནམ་ལོ་ཆུ་མོ་ཡོས་རང་ཟླ་དང་པོ་ཆོ་འཕྲུལ་ཟླ་བའི་ཚེས་༣༠ ལུ་ འགོ་བཙུགས་ཡོད་མི་རིག་འཛིན་ཆེན་པོ་རྒོད་ཀྱི་ལྡེམ་འཕྲུའི་གཏེར་བྱོན་གུ་རུ་ཕྱི་ལྟར་དུ་ སྒྲུབ་པ་ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་གྲོལ་གྱི་ སྒྲུབ་ཆེན་ རང་ཟླ་༢ པའི་ཚེས་༡༠ གྲོལ་གནང་ཡོདཔ་ཨིན་མས།
ལྷོ་བྲག་མཁར་ཆུ་དགའ་ལྡན་བདུད་འཇོམས་རྣམ་པར་རྒྱལ་བའི་གླིང་ལུ་ སྒྲུབ་ཆེན་དེ་སྐྱབས་རྗེ་ནམ་སྙིང་རིན་པོ་མཆོག་གིས་དབུས་གཙོས་ ཉིན་གྲངས་བཅུའི་རིང་རིག་འཛིན་ཆེན་པོ་རྒོད་ཀྱི་ལྡེམ་འཕྲུའི་གཏེར་བྱོན་གུ་རུ་ཕྱི་ལྟར་དུ་སྒྲུབ་པ་ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་གྲོལ་གྱི་ས་ཆོག་གནང་བཞིནམ་ལས་ དུས་ཅི་ལོ་ལྟར་ཚོམ་བུ་ཚོགས་སྒྲུབ་དང་འབྲེལ་བའི་སྒྲུབ་ཆེན་ཚོགས་ཡོདཔ་ཨིན་མས།
དེ་ཡང་ བདེ་ལྡན་ཞིང་གི་མགོན་པོ་བཅོམ་ལྡན་འདས་སྣང་བ་མཐའ་ཡས་འོད་དཔག་ཏུ་མེད་པས་མཁའ་ཁྱབ་ཀྱི་འགྲོ་བ་མ་ལུས་པ་འདུལ་ནིའི་དོན་ལུ་ འཕགས་པའི་རྒྱལ་པོ་སྤྱན་རས་གཟིགས་སྤྲུལ་ཞིང་། དེ་གིས་ཡང་ སྐུའི་བཀོད་པ་དང་མཚན་གྱི་ རྣམ་གྲངས་དཔག་ཏུ་མེད་པ་སྤྲུལ་བཞིནམལས་ ནམ་མཁའ་དང་མཉམ་པའི་འགྲོ་བའི་དོན་མཛད་ཡོདཔ་ཨིན་མས།
ཁྱད་པར་དུ་སྣང་བ་མཐའ་ཡས་དང་སྤྱན་རས་གཟིགས་དབྱེར་མེད་གཅིག་ཏུ་བསྡུས་པའི་སྤྲུལ་པ་སློབ་དཔོན་པདྨ་འབྱུང་གནས་སུ་ སྣང་བར་མཛད་ནས་རྣམ་འཕྲུལ་དང་ འཕྲིན་ལས་མཐའ་ཡས་པས་འགྲོ་དོན་བསམ་གྱིས་མི་ཁྱབ་པ་མཛད་པའི་ཚུལ་མཐའ་དག་རྣམས་རྡོ་རྗེ་ལྗགས་ཀྱིས་བརྗོད་རུང་ཟད་པར་མི་ཚུགས་ནི་ཨིན་མས། ཟབ་ཆོས་འདི་དང་འབྲེལ་བའི་ ལོ་རྒྱུས་ཀྱི་དབང་དུ་གཏང་པ་ཅིན་ བཅོམ་ལྡན་འདས་འོད་དཔག་ཏུ་མེད་པ་ལུ་ ས་བཅུའི་དབང་ཕྱུག་འཇམ་དཔལ་དབྱངས་ཀྱིས་འགྲོ་བ་ཀུན་གྲོལ་དང་། སྤྱན་རས་གཟིགས་ཀྱིས་ ཉོན་མོངས་རང་གྲོལ་དང་། ཕྱག་ན་རྡོ་རྗེས་ཆོས་ཉིད་རང་གྲོལ་ཏེ་ཐུགས་རྗེ་ཆེན་པོའི་རྒྱུད་གསུམ་སྒྲུབ་ཐབས་དང་བཅས་པ་ཞུ་མི་ནང་། འོད་དཔག་མེད་ཉིད་ཀྱིས་ ད་རིས་ལས་ འགོ་བཟུང་སྟེ་བསྐལ་པ་འབུམ་ཕྲག་དྲུག་ཅུའི་བར་དུ་འགྲོ་དོན་མཛད་པ་དང་། སེམས་ཅན་དཔག་ཏུ་མེད་པ་འཁོར་བ་དང་ ངན་སོང་ནས་ཐར་ཏེ་ བདེ་བ་ཅན་དུ་སྐྱེ་བའི་ རྒྱུད་བྱིན་གྱིས་བརླབས་ཤིང་ སྨོན་ལམ་གནང་བ་ལྟར་འགྱུར་ནི་དེ་གིས་ འགྲོ་བ་ཀུན་གྲོལ་དུ་གྲགས་པར་གསུངས་ནུག
དེ་བཟུམ་མའི་ རྒྱུད་གསུམ་སྒྲུབ་ཐབས་དང་བཅསཔ་ གླེགས་བམ་ནང་བཀོད་པཞིནམ་ལས་ གསེར་གྱི་ཟ་མ་ཏོག་ཏུ་བཅུག་སྟེ་རི་བོ་པོ་ཏ་ལའི་ལྷོ་ནུབ་བྲག་ཕུག་མ་ར་ཏི་ཀར་གཏེར་དུ་སྦས་མི་དེ་ ནམ་ཅིག་གི་ཚེ་ དུས་ལུ་བབས་ད་ལུ་ སངས་རྒྱས་འོད་དཔག་ཏུ་མེད་པ་དང་ འཕགས་པ་ཐུགས་རྗེ་ཆེན་པོའི་བཀས་བསྐུལ་ཞིང་ སྣང་བ་ཐོབ་པ་ལ་བརྟེན་བཞིནམ་ལས་ རྒྱུད་གསུམ་པོ་ དཔལ་ཨོ་རྒྱན་ཆེན་པོས་གཏེར་ལས་བཞེས་ཏེ་ གདུལ་བྱའི་དོན་དུ་ རྒྱུད་དེ་ཚུ་ལེ་བརྟེན་པའི་ཐུགས་རྗེ་ཆེན་པོའི་སྒྲུབ་སྐོར་འབུམ་ཕྲག་ལྔ་མཛད་དེ་ འཇིག་རྟེན་དུ་ཁྱབ་པར་དུ་ སྦས་ཤིང་གདུལ་བྱ་རྣམས་སྨིན་ཅིང་གྲོལ་བར་མཛད་གནང་ནུག
ཁྱད་པར་བོད་གངས་ཅན་གྱི་ལྗོངས་ལུ་ ཐུགས་རྗེ་ཆེན་པོའི་གདུལ་ནིའི་དོན་ལུ་ རྒྱུད་དང་སྒྲུབ་ཐབས་ཀྱི་རིགས་མི་འདྲ་བ་དཔག་ཏུ་མེད་པ་བསྟན་ཏེ་ ཕྱི་རབས་ཀྱི་དོན་ལུ་ གཏེར་ཁ་བྱེ་བ་ས་ཡར་སྦས་པའི་ནང་ལས་ འགྲོ་བ་གྲོལ་བའི་རྒྱུད་གསུམ་སྒྲུབ་སྐོར་དང་བཅས་པ་བྱང་ཟང་ཟང་ལྷ་བྲག་གི་བྲག་རི་དུག་སྦྲུལ་སྤུངས་པ་འདྲ་བར་སྦས་ནུག
གུང་ཐང་གི་ཆོས་རྒྱལ་གདུང་བརྒྱུད་སྐྱོབ་པའི་དུས་སུ་བབས་པའི་ཚེ་ ཞང་སྣ་ནམ་པ་རྡོ་རྗེ་བདུད་འཇོམས་ཀྱི་སྤྲུལ་པ་རིག་འཛིན་ཆེན་པོ་དངོས་གྲུབ་རྒྱལ་མཚན་གྱིས་ སྤྱན་དྲངས་པའི་མཛོད་ལྔའི་ཆོས་སྡེ་ཆེན་པོ་ལྔ་བརྒྱ་ཕྲག་གཅིག་ལས་ ནུབ་ཟངས་མཛོད་དམར་པོ་ལས་བྱོན་པའི་འགྲོ་འདུལ་རྟེན་འབྲེལ་དབང་གི་ཆོས་བདུན་གྱི་ནང་ཚན་ ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་གྲོལ་གྱི་ཟབ་ཆོས་དེ་ཨིན་མས།
སྒྲུབ་ཆེན་ཉིན་དགུ་པ་དང་འབྲེལ་མེ་ལྷའི་དྲང་སྲོང་ལ་ཞི་བའི་སྦྱིན་སྲེག་ཕུལ་དེ་ ཚེ་ ༡༠ ལུ་ དངོས་གྲུབ་བླ་དབང་དང་ རིན་པོ་ཆེ་གིས་དད་ལྡན་མི་མང་ལུ་ ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་གྲོལ་གྱི་བཀའ་དབང་ དེ་ལས་མཐའ་རྟེན་བསྔོ་བ་སྨོན་ལམ་བཀྲ་ཤིས་དང་བཅས་གྲོལ་གནང་ཡོད་པའི་གནས་ཚུལ།