Thimphu property owners to pay substantially more taxes  

རྒྱུ་དངོས་ཁྲལ་ འབྲུག་གི་རྒྱུ་དངོས་ཁྲལ་གྱི་བཅའ་ཁྲིམས་ ༢༠༢༢ ཅན་མ་གཞི་བཟུང་ ཁྲལ་བསྡུ་ནི་ཨིནམ།

འབྲུག་གི་རྒྱུ་དངོས་ཁྲལ་གྱི་བཅའ་ཁྲིམས་ ༢༠༢༢ ཅན་མ་འདི་ ན་ཧིང་ སྤྱི་ཚོགས་གསུམ་པའི་ནང་ ས་ཁྲལ་འདི་ལོ་ལྟར་བཞིན་དུ་ ས་ཆ་ག་ར་ལུ་ཁྲལ་བཏབ་དགོ་པའི་ ས་ཆའི་གནས་གོང་གུ་ བརྒྱ་ཆ་ ༠.༡ བཏབ་དགོཔ་སྦེ་བཟོ་ཡོདཔ་ཨིན། དུས་ཅི་ དངུལ་རྩིས་ལྷན་ཁག་གིས་ འབྲུག་གི་རྒྱུ་དངོས་ཁྲལ་གྱི་བཅའ་ཁྲིམས་ ༢༠༢༢ ཅན་མ་གཞི་བཟུང་ ཁྲལ་བསྡུ་ནི་ཨིན་མས། དེ་ཡང་ རྒྱུ་དངོས་ཀྱི་ཁྲལ་འདི་ ས་དང་སྒྲིང་ཁྱིམ་གཉིས་ཆ་ར་ནང་ རྒྱུ་ནོར་དབྱེ་ཞིབ་དང་གནས་གོང་བཏོན་མི་ལས་སྡེ་གིས་ཆ་གནས་འབད་ཡོད་མི་ གོང་ཚད་ བརྒྱ་ཆ་ ༠་༡ དེམ་ཅིག་བཏབ་དགོ་ནི་ཨིན་མས།  རྒྱུ་ནོར་དབྱེ་ཞིབ་དང་གནས་གོང་བཏོན་མི་ལས་སྡེ་ཟེར་མི་འདི་ དངུལ་རྩིས་ལྷན་ཁག་ འོག་གི་རྒྱུ་དངོས་དབྱེ་ཞིབ་དང་གནས་གོང་བཏོན་མི་ལས་སྡེ་ཅིག་ཨིན་མས།

འབྲུག་གི་རྒྱུ་དངོས་ཁྲལ་གྱི་བཅའ་ཁྲིམས་ ༢༠༢༢ ཅན་མ་དང་འཁྲིལ་བ་ཅིན་ ཁྲལ་ཕོག་པའི་མི་ངོ་འདི་ འབྲུག་གི་སའི་བཅའ་ཁྲིམས་ ༢༠༠༧ ཅན་མའི་འོག་ལུ་ ཁྲམ་བཀོད་ གྲུབ་པའི་ས་ཆ་གང་རུང་གི་སའི་ཇོ་བདག་ཚུ་ཕོག་ནི་དང་ སྒྲིང་ཁྱིམ་གྱི་ཁྲལ་འདི་ སྒྲིང་ཁྱིམ་ག་ར་གུ་ ལོ་ལྟར་བཞིན་དུ་ ཁྲལ་བཏབ་དགོ་པའི་སྒྲིང་ཁྱིམ་གྱི་གནས་གོང་གུ་བརྒྱ་ཆ་ ༠.༡ བཏབ་དགོ་ནི་ཨིན་མས།

སྒྲིང་ཁྱིམ་གྱི་ཁྲལ་ཕོག་པའི་མི་ངོ་འདི་ སྒྲིང་ཁྱིམ་གང་རུང་གི་ཇོ་བདག་ཨིནམ་དང་ སྒྲིང་ཁྱིམ་གྱི་ནང་འཁོད་དཔྱ་བགོ་རྐྱབ་ཡོད་པའི་ཁང་ཚན་གང་རུང་ལུ་ སྒྲིང་ཁྱིམ་གྱི་ཁྲལ་སྤྲོད་དགོ་པའི་མི་ངོ་འདི་ ནང་འཁོད་དཔྱ་བགོ་རྐྱབ་ཡོད་པའི་ཁང་ཚན་གང་རུང་གི་ཇོ་བདག་ཨིན་མས།

འདི་ལུ་ མི་སེར་ཚུ་གིས་ ཁྲལ་གྱི་བཅའ་ཁྲིམས་གསརཔ་དང་འཁྲིལ་ཏེ་ ཁང་ཁྲལ་དང་ས་ཁྲལ་བཏབ་ནི་འདི་ ལྟབ་ ༡༠ དེམ་ཅིག་གིས་ གོང་ཚད་ཡར་སོང་ཡོདཔ་ལས་ ཁྲལ་བཏབ་ནི་འདི་ ལྕི་དྲགས་སྦེ་ཕོག་དོ་བཟུམ་སྦེ་མཐོང་དོ་ཨིན་མས།

ཨིན་རུང་ དངུལ་རྩིས་ལྷན་ཁག་གིས་འབད་བ་ཅིན་ ཁྲལ་འདི་རྒྱལ་ཡོངས་ཨང་གནས་ཅན་གྱི་རིམ་ལུགས་བརྒྱུད་དེ་བཏབ་དགོ་ནི་དེ་གིས་ ལམ་ལུགས་གསརཔ་འདི་ སྟབས་མ་བདེཝ་བཟུམ་ཅིག་སྦེ་ཚོར་འོང་ཟེར་ཨིནམ་དང་ ཁྲལ་གྱི་བཅའ་ཁྲིམས་འདི་ལོ་ངོ་ ༣༠ དེམ་ཅིག་བསྐྱར་ཞིབ་མ་འབད་ནི་འདི་གིས་ ཁྲལ་ཡང་ཡར་སེང་འགྱོ་དོ་བཟུམ་མཐོང་འོང་ཟེར་ཨིན་མས།

བཅའ་ཁྲིམས་འདི་ རང་ལུགས་གནམ་ལོ་ཆུ་ཕོ་སྟག་ལོ་ཟླ་ ༡༡ པའི་ཚེས་ ༡༠ ལུའམ་ སྤྱི་ལོ་ ༢༠༢༣ ཟླ་ ༡ པའི་ཚེས་ ༡ ལས་འགོ་བཟུང་སྟེ་བསྟར་སྤྱོད་འབད་དགོཔ་ཨིན་རུང་ དངུལ་རྩིས་ལྷན་ཁག་གི་ལས་བྱེདཔ་དང་འཁྲིལ་བ་ཅིན་ ཁྲལ་བཏབ་ནི་གི་ལམ་ལུགས་གསརཔ་འདི་ བཟོ་སྡོད་པའི་སྒང་འབད་ནི་འདི་གིས་ བསྟར་སྤྱོད་འབད་མ་ཚུགས་ཟེར་ཨིན་མས།

ལམ་ལུགས་གསརཔ་འདི་གིས་ དེ་སྦེ་ སྟབས་མ་བདེཝ་བཟུམ་ཅིག་དང་ ཁྲལ་ཡང་ཡར་སེང་འགྱོ་དོ་བཟུམ་མཐོང་ཨིན་ནི་རུང་ དངུལ་རྩིས་ལྷན་ཁག་གི་ལས་བྱེདཔ་གིས་འབད་བ་ཅིན་ ཁྲལ་གྱི་ལམ་ལུགས་གསརཔ་འདི་ མི་སེར་གྱི་དོན་ལུ་དྲ་སྙམ་ཨིན་ཟེར་ཨིན་མས།

ལས་བྱེདཔ་གིས་འབད་བ་ཅིན་ ད་ལྟོ་ཚུན་ཚོད་མི་སེར་ཚུ་གིས་ ཐིམ་ཕུག་དང་ བསམ་གྲུབ་ལྗོངས་ཁར་ཁྲོམ་སྡེ་ནང་ སའི་གོང་ཚད་ཁྱད་པར་སྦོམ་སྦེ་ཡོད་རུང་ རྒྱུ་དངོས་ཀྱི་ཁྲལ་འདི་ འདྲན་འདྲ་སྦེ་བཏབ་ཡོདཔ་ཨིན་མས། ལམ་ལུགས་གསརཔ་བསྟར་སྤྱོད་འབད་བའི་ཤུལ་ལས་ རྒྱུ་ནོར་དབྱེ་ཞིབ་དང་གནས་གོང་བཏོན་མི་ལས་སྡེ་གི་གོང་ཚད་ བརྒྱ་ཆ་ ༠་༡ ཚད་གཞི་དང་བསྟུན་བཏབ་དགོ་ནི་ཨིན་མས།

བཅའ་ཁྲིམས་འདིའི་འོག་ལུ་བཏབ་དགོ་པའི་ཁྲལ་ཆ་མཉམ་ར་ བཅའ་ཁྲིམས་འདིའི་ལེའུ་ ༦ པའི་ ནང་གསལ་ལྟར་བཀག་ཆ་འབད་བ་ ཡང་ན་ མཐོ་གཏུགས་འབད་ཡོད་རུང་ ལོ་བསྟར་བཞིན་དུ་ སྤྱི་ཟླ་ ༡༢ པའི་ཚེས་ ༣༡ ནང་འཁོད་ལུ་བཏབ་དགོ་ནི་ཨིན་མས། བཅའ་ཁྲིམས་འདིའི་འོག་ལུ་ ཁྲལ་དུས་ཚོད་ཁར་མ་བཏབ་པའི་ཉེས་ཆད་འདི་ ཁྲལ་ཆད་གུ་ ལོ་ལྟར་བཞིན་ བརྒྱ་ཆ་ ༢༤ བཏབ་དགོ་ནི་ཨིན་མས།

ཨིན་རུང་ཡང་ ཟ་སྤྱོད་འབད་ཡོད་པ་ཅིན་ ཆུ་ཞིང་ལུ་ བརྒྱ་ཆ་ ༩༠ དང་ སྐམ་ཞིང་ལུ་ ༥༠ དེམ་ཅིག་ཕབ་ཆག་འཐོབ་ནི་དང་ ལ་ཁའི་མི་སེར་གྱི་དོན་ལུ་ བརྒྱ་ཆ་ ༩༠ དེམ་ཅིག་ ཕབ་ཆག་ཡོད་པའི་གནས་ཚུལ། དེ་བཟུམ་སྦེ་ ཁང་ཁྲལ་ནང་ འོང་འབབ་དང་བསྟུན་བཏབ་དགོ་ནི་ཨིནམ་དང་ རང་སྡོད་དོ་ཨིན་པའི་རང་ལུགས་ཀྱི་ཁྱིམ་ལུ་ བརྒྱ་ཆ་ ༥༠ དང་ གཞུང་གིས་ངོས་འཛིན་འབད་ཡོད་པའི་ཁྲོམ་སྡེ་ནང་ཡོད་པའི་རང་ལུགས་ཀྱི་ཁྱིམ་ལུ་ བརྒྱ་ཆ་ ༧༠ དེམ་ཅིག་ ཕབ་ཆག་ཡོད་པའི་གནས་ཚུལ།

སངས་རྒྱས་རབ་བརྟན།