རྒྱལ་ཁབ་ཀྱི་དཔལ་འབྱོར་གནས་སྟངས་ ནད་ཡམས་ཀྱིས་བྱེམ་ཕོག་པའི་ཤུལ་ལས་ མུ་མཐུད་དེ་ ལེགས་ཤོམ་བཞག་ནིའི་དོན་ལུ་ རྒྱལ་ཡོངས་སྐྱིན་འགྲུལ་འགན་ལེན་ཐབས་ལམ་བརྒྱུད་དེ་ གཞུང་གིས་ལས་འགུལ་ ༢༡༣ གི་དོན་ལུ་ མ་དངུལ་ དངུལ་ཀྲམ་ས་ཡ་༩༠༧་༡༧ ཆ་འཇོག་འབད་དེ་ཡོདཔ་ཨིན་མས། ཚོང་ལཱ་ཚུ་ལུ་ བཏེག་གསོ་འབད་ནིའི་དོན་ལུ་ འཕྲལ་གྱི་ཐབས་ལམ་བཟུམ་ཅིག་སྦེ་ ལོ་གསུམ་གྱི་དོན་ལུ་ འགན་ལམ་འགོ་བཙུགས་ཡོད་མི་དེ་ དུས་ཅི་ སྤྱི་ཟླ་ ༩ པའི་ནང་མཇུག་བསྡུ་ནིའི་ཨིན་ལས་ ཚོང་ཁང་ཚུ་སྒོ་བསྡམས་ནིའི་ཨིན་མས།
ལས་ཡུན་དེ་མཇུག་བསྡུས་བའི་ཤུལ་ལས་ དེ་སྦེ་སྒོ་བསྡམས་དགོ་ནིའི་ཨིན་རུང་ བློན་ཆེན་གྱིས་འབད་བ་ཅིན་ འགན་ལམ་དེ་ འཕྲོ་མཐུད་དེ་ར་བཞག་པ་ཅིན་ མི་མང་ལུ་ཕན་ཐོག་ནི་མས་ཟེར་ཨིན་མས། བློན་ཆེན་གྱིས་འབད་བ་ཅིན་ རྒྱལ་ཁབ་ནང་ སྐྱིན་འགྲུལ་གྱི་ཁྱད་རིག་དང་སྤུས་ཚད་ཀྱི་ལམ་མཟང་ནིའི་ཨིནམ་ལས་ མཐར་འཁྱོལ་ཅན་གྱི་ ལས་འགུལ་ལེ་ཤ་ཡོདཔ་ལས་རྒྱལ་ཡོངས་སྐྱིན་འགྲུལ་འགན་ལེན་ཐབས་ལམ་དེ་ ཡར་དྲག་གཏང་བཞིནམ་ལས་ འཕྲོ་མཐུད་པ་ཅིན་ ལེགས་ཤོམ་འོང་ཟེར་ཨིན་མས། དེ་ཡང་ རྒྱལ་ཡོངས་སྐྱིན་འགྲུལ་འགན་ལེན་ཐབས་ལམ་གྱིས་ ཐབས་ལམ་གཞན་གསར་བཏོད་ཀྱི་དོན་ བསྟར་སྤྱོད་འབད་ནིའི་ནང་ ཁེ་ཕན་འབྱུང་ནིའི་གནས་སྟངས་དངོས་སུ་ལུ་བལྟ་དེ་ཨིན་ཟེར་བཤདཔ་ཨིན་མས།
བློན་ཆེན་ཡིག་ཚང་གིས་བཀོད་དོ་བཟུམ་འབད་བ་ཅིན་ ཚོང་ལཱ་ཆུང་བའི་རྨ་རྩ་གཞི་བཙུགས་ཀྱི་དོན་ལུ་ སྐྱིན་འགྲུལ་གྱི་གཏའ་མ་བཙུགས་མ་དགོ་པར་ དངུལ་ཁང་ཚུ་ལས་སྐྱིན་འགྲུལ་ལེན་ནི་དེ་ ལཱ་ཁག་ཡོདཔ་ལས་ དཀའ་ངལ་བསལ་ནིའི་དོན་ལུ་ རྒྱལ་ཡོངས་སྐྱིན་འགྲུལ་འགན་ལེན་ཐབས་ལམ་དེ་ གཞི་བཙུགས་འབད་འབདཝ་ཨིན་ཟེར་ཨིན་མས།
རྒྱལ་ཡོངས་སྐྱིན་འགྲུལ་འགན་ལེན་ཐབས་ལམ་གྱིས་ ལས་འགུལ་གསརཔ་བཟོ་ནིའི་ནང་ ཕན་ཐོགས་ཡོདཔ་མ་ཚད་ ཚོང་ལཱ་གསར་བཙུགས་ནིའི་ནང་ ཉོག་མེད་ཡིག་ཆའི་དཀའ་ངལ་ཚུ་བསལ་དེ་ ངོས་ལེན་ཡིག་ཆ་འཐོབ་ནིའི་ནང་ སྟབས་བདེ་དྲགས་བཟོ་ཡོདཔ་ཨིན་མས། དེ་ལས་ ཆ་འཇོག་འབད་ཡོད་པའི་ ལས་འགུལ་ཚུ་ རྐྱེན་ངན་མ་འབྱུང་བར་ བསྟར་སྤྱོད་འབད་མ་འབདཝ་ཚུ་ ངེས་བརྟན་བཟོ་ཡི་ཟེར་ཨིན་མས།
རྒྱལ་ཡོངས་སྐྱིན་འགྲུལ་འགན་ལེན་ཐབས་ལམ་གཞི་བཙུགས་འབད་བའི་ལོ་ ༢ ལྷགཔ་ཅིག་གི་ཤུལ་ལས་ ལས་འགུལ་ ༢༡༣ དེམ་ཅིག་ནང་ སྐྱིན་འགྲུལ་ དངུལ་ཀྲམ་ ས་ཡ་ ༩༠༧་༡༧ དེམ་ཅིག་གི་འཐོབ་ནི་གི་ བཀའ་གྲོལ་ཐོབ་ཡོདཔ་ཨིན་མས།
མ་དངུལ་ དངུལ་ཀྲམ་ ས་ཡ་ ༩༠༧་༡༧ དེམ་ཅིག་ལས་ ལས་འགུལ་ཁག་ ༤༧ གི་དོན་ལུ་ སྐྱིན་འགྲུལ་དེ་ འབྲུག་གོང་འཕེལ་དངུལ་ཁང་ལས་འཐོབ་ནི་དང་ ཁག་ ༧༣ ནང་ འབྲུག་གི་དངུལ་ཁང་ དེ་ལས་ ཁག་ ༧༡ ནང་ རྒྱལ་ཡོངས་བཟོ་གྲྭ་ཆུང་བ་དང་ནང་བཟོ་ལས་ཁུངས་ལས་འཐོབ་ནིའི་ཨིན་མས།
མ་དངུལ་སྐྱིན་འགྲུལ་ དངུལ་ཀྲམ་ ས་ཡ་ ༩༠༧་༡༧ དེམ་ཅིག་གི་འཐོབ་ནི་གི་ བཀའ་གྲོལ་ཐོབ་ཡོད་མི་ལས་ དངུལ་ཀྲམ་ས་ཡ་ ༢༡༧་༨༡ དེ་ཅིག་དེ་ འབྲུག་གོང་འཕེལ་དངུལ་ཁང་དང་ དངུལ་ཀྲམ་ས་ཡ་ ༤༩༢་༧ དེ་ འབྲུག་གི་དངུལ་ཁང་གིས་ཆོག་གྲོལ་འབད་ཡོདཔ་ད་ དངུལ་ཀྲམ་ས་ཡ་ ༡༩༦་༦ དེ་ རྒྱལ་ཡོངས་བཟོ་གྲྭ་ཆུང་བ་དང་ནང་བཟོ་ལས་ཁུངས་ཀྱིས་ བྱིན་ནི་སྦེ་གནང་བ་གྲོལ་ཡོདཔ་ཨིན་མས། ཨིན་རུང་ སྐབས་ཅིག་གི་དོན་ལུ་ སྐྱིན་འགྲུལ་དེ་ བཀག་ཆ་འབད་དེ་ཡོདཔ་ཨིན་མས།
ད་ལྟོ་སྐྱིན་འགྲུལ་བྱིན་ནི་ནང་ དེ་སྦེ་བཀག་བཞག་མི་དེ་ བློན་ཆེན་ཡིག་ཚང་ལས་འབད་བ་ཅིན་ ལས་འགུལ་མ་ཚར་མི་ཚུ དབྱེ་ཞིབ་འབད་དགོཔ་ཡོདཔ་དང་ གཙོ་བོ་ར་ཉེན་ཁ་ཆེ་བའི་ ལས་འགལ་ཚུ་དབྱེ་ཞིབ་འབད་དགོཔ་ཡོདཔ་དང་ མཐུན་རྐྱེན་ཚུ་ སྤྱི་ཟླ་ ༩ པ་ནང་རྐྱངམ་ཅིག་འཐོབ་ནིའི་ཨིནམ་ལས་བརྟེན་ཨིན་པའི་གནས་ཚུལ།
སངས་རྒྱས་རབ་བརྟན།