རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་ སྤྱི་ཟླ་༤ པའི་ཚེས་༢༠ ལུ་ འགོ་འདྲེན་འཐབ་ནི།

སྤྱི་ལོ་༢༠༢༣ ལོའི་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ཐེངས་༤ པ་དེ་ སྤྱི་ཟླ་༤ པའི་ཚེས་༢༠ ལུ་ འགོ་འདྲེན་འཐབ་ནི་སྦེ་ འབྲུག་གི་བཙའ་འཐུ་ལྷན་ཚོགས་ཀྱིས་ གསལ་བསྒྲགས་འབད་དེ་ཡོདཔ་ཨིན་མས། དེ་ཡང་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ དཔལ་མི་དབང་མངའ་བདག་རིན་པོ་ཆེའི་གསེར་ཁྲི་ཆེན་མོའི་ཞབས་ལས་ སྤྱི་ཟླ་ ༢ པའི་སྤྱི་ཚེས་༠༨ ལུ་གནང་བའི་ འབྲུག་གི་སྤྱི་ཚོགས་ཀྱི་རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་ འགོ་བཙུགས་དགོ་པའི་ བཀའ་ཐམ་ཆེན་མོ་ལུ་ སྒོ་གསུམ་གུས་པ་ཆེན་པོའི་ཐོག་ལས་དང་ འབྲུག་གི་བཙག་འཐུའི་བཅའ་ཁྲིམས་༢༠༠༨ ཅན་མའི་ དོན་ཚན་ ༡༩༡ པ་དང་འཁྲིལ་ འབྲུག་གི་སྤྱི་ཚོགས་ཀྱི་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་འགོ་འདྲེན་འཐབ་ནིའི་ བརྡ་འཕྲིན་སྤེལ་ཡོདཔ་ཨིན་མས།

འབྲུག་གི་བཙག་འཐུ་ལྷན་ཚོགས་ལས་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུའི་ལས་འཆར་གྱི་བརྡ་འཕྲིན་དེ་ སྤྱི་ཟླ་ ༢ པའི་ སྤྱི་ཚེས་ ༠༢ ལུ་སྤེལ་ནིའི་ཨིན་མས། དེ་ལས་ འགྲེམ་ཐོག་རྒྱན་ཤོག་ལུ་ཁྱད་ཚད་ལྡན་མི་ཚུ་གིས་  སྤྱི་ཟླ་༢ པའི་སྤྱི་ཚེས་ ༡༧ ལུ་འགྲེམ་ཐོག་རྒྱན་ཤོག་ཐོ་བཀོད་འགོ་བཙུགས་ནི་ཨིན་མས།

སྤྱི་ཟླ་ ༢་པའི་ སྤྱི་ཚེས་ ༢༥ ལུ་ གདམ་ངོ་བཏོན་ནི་ལུ་རྒེད་འོག་དང་རྫོང་ཁག་ཁྲོམ་སྡེ་ཚུ་ནང་གདམ་ངོའི་འཛོམས་འདུའི་འགོ་བཙུགས་ནི་ཨིན་མས། ཐོབ་བརྗོད་དང་དགག་ཆ་བཀོད་ནིའི་དོན་ལུ་ བཙག་འཐུའི་ཐོ་ཡིག་ཟིན་བྲིས་ཕྱིར་དེ་ སྤྱི་ཟླ་ ༣ པའི་ སྤྱི་ཚེས་ ༡༡ ལུ་སྤེལ་ནི་ཨིན་མས།

གདམ་ངོའི་ཡིག་ཆ་བཙུགས་ནི་མཐའ་མཇུག་ཚེས་གྲངས་དེ་ སྤྱི་ཟླ་ ༣ པའི་ སྤྱི་ཚེས་ ༡༣ ལུ་ཨིན་མས། འདེམས་ངོ་ཚུའི་གདམ་ངོ་གི་བརྟག་ཞིབ་དང་ འདེམས་ངོ་ཚུ་གིས་ བཙག་འཐུའི་བསྐུལ་བསྒྲགས་མ་དངུལ་གྱི་ཞུ་ཡིག་ དེ་ལས་ བཙག་འཐུའི་བསྐུལ་བསྒྲགས་འགོ་བཙུགས་ནི་དེ་ སྤྱི་ཟླ་ ༣ པའི་ སྤྱི་ཚེས་ ༡༤ ལུ་ཨིན་མས།

སྤྱི་ཟླ་ ༣ པའི་ སྤྱི་ཚེས་ ༡༥ ལུ་ འགྲེམ་ཐོག་རྒྱན་ཤོག་གི་དོན་ལུ་ ཐོ་བཀོད་འབད་ནིའི་ཚེས་གྲངས་མཇུག་ཨིནམ་ད་ སྤྱི་ཟླ་ ༣ པའི་ སྤྱི་ཚེས་ ༡༦ ལུ་ བཙག་འཐུའི་བསྐུལ་བསྒྲགས་ཀྱི་མ་དངུལ་གཏང་ནི་དང་ གདམ་ངོ་ལས་ ཕྱིར་འཐོན་གྱི་ཚེས་གྲངས་མཐའ་མཇུག་ཨིན་མས། དེ་ལས་ ཉིནམ་དེ་ཁར་ ངོས་ལེན་འགོ་དཔོན་གྱིས་ ཐོ་བཀོད་གྲུབ་པའི་འགྲེམ་ཐོག་ཚོགས་རྒྱན་སྐྱུར་མི་ཚུ་ལས་ ཁ་གསལ་དང་ འབྲེལ་བའི་གནད་དོན་སྒྱུར་བཅོས་ཀྱི་དོན་ལུ་ ཞུ་ཡིག་ལེན་ནི་ མཐའ་མཇུག་ཨིནམ་མ་ཚད་ ངོས་ལེན་འགོ་དཔོན་གྱིས་ ཐོ་བཀོད་གྲུབ་པའི་འགྲེམ་ཐོག་ཚོགས་རྒྱན་སྐྱུར་མི་ཚུ་ལུ་ འགྲེམ་ཐོག་རྒྱན་ ཤོག་གཏང་ནི་འགོ་བཙུགས་ནི་ཨིན་མས།

བཙག་འཐུའི་ཐོ་ཡིག་དེ་ སྤྱི་ཟླ་ ༣ པའི་ སྤྱི་ཚེས་ ༢༡ ལུ་གཏན་འབེབས་བཟོ་ནི་ཨིན་མས། སྤྱི་ཟླ་ ༤ པའི་ སྤྱི་ཚེས་ ༡༨ ཀྱི་ དྲོ་པའི་ཆུ་ཚོད་ ༩.༠༠ ལུ་ བཙག་འཐུའི་བསྐུལ་བསྒྲགས་མཇུག་བསྡུ་དགོཔ་ཨིནམ་ད་ འགྲེམ་ཐོག་རྒྱན་ཤོག་ལེན་ནི་མཐའ་མཇུག་ཚེས་གྲངས་དེ་ སྤྱི་ཚེས་ ༡༩ ལུ་ཨིན་མས། ཚོགས་རྒྱན་གྲུབ་འབྲས་དེ་ཡང་ རྒྱལ་ཡོངས་ཚོགས་སྡེའི་ཚོགས་རྒྱན་ཉིནམ་ནང་ར་ སྟོན་ནི་ཨིན་མས།

སྤྱི་ཟླ་ ༤ པའི་ སྤྱི་ཚེས་ ༢༡ ལུ་ གྲུབ་འབྲས་གསལ་བསྒྲགས་འབད་ནི་དང་ འབྲུག་རྒྱལ་པོའི་ཞབས་སར་ གྲུབ་འབྲས་སྤྱན་འབུལ་ཕུལ་ནི་ཨིནམ་ད་ བཙག་འཐུའི་བཤེར་ཡིག་གི་དུས་ཡུན་ཡང་འགོ་བཙུགས་ནི་ཨིན་མས།

སྤྱི་ཟླ་ ༤ པའི་ སྤྱི་ཚེས་ ༢༧ ལུ་ བཙག་འཐུའི་ལག་ཁྱེར་བྱིན་ནི་དང་ སྤྱི་ཟླ་ ༥ པའི་སྤྱི་ཚེས་ ༥ ལུ་ བཙག་འཐུའི་བཤེར་ཡིག་གི་ དུས་ཡུན་མཇུག་བསྡུ་ནིའི་ཨིན་པའི་གནས་ཚུལ།

འབྲུག་གི་བཙའ་འཐུ་ལྷན་ཚོགས་ཀྱིས་ གསལ་བསྒྲགས་དང་འཁྲིལ་བ་ཅིན་ རྒྱལ་ཡོངས་ཚོགས་སྡེ་བཙག་འཐུའི་དོ་འགྲན་འབད་ནི་ལུ་ འདེམས་ངོའི་ཡིག་ཆ་བཙུགས་མིའི་མི་ངོམ་གྱི་གདམ་འཐུ་དེ་ གདམ་ངོ་བཏོན་ནིའི་འཛོམས་འདུའི་སྐབས་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུའི་དོན་ལས་ རྒེད་འོག་དང་རྫོང་ཁག་ ཁྲོམ་སྡེ་གི་ གདམ་ངོའི་འཛོམས་འདུ་གི་ལམ་སྟོན་སྒྲིག་ཡིག་༢༠༢༣ ཅན་མ་དང་འཁྲིལ་ འགོ་འདྲེན་ འཐབ་མི་ནང་ མི་ངོམ་སྦེ་འཐོན་ཏེ་ ཚོགས་རྒྱན་ཁ་གྱངས་མཐོ་ཤོས་ཐོབ་མི་ མི་ངོམ་འདི་ རྒེད་འོག་དང རྫོང་ཁག་ ཁྲོམ་སྡེ་ཅིག་གི་ གདམ་ངོའི་གསལ་བསྒྲགས་འབད་དེ་ རྫོང་ཁག་དེའི་རྒྱལ་ཡོངས་ཚོགས་སྡེའི་བཙག་ འཐུ་ནང་དོ་འགྲན་འབད་ནི་ལུ་ འདེམས་ངོའི་གདམ་ངོ་གི་ཡིག་ཆ་བཙུགས་དགོཔ་སྦེ་ བཀོད་ཡོདཔ་ཨིན་མས།

གདམ་ངོའི་བརྟག་ཞིབ་དེ་ འབྲེལ་ཡོད་ངོས་ལེན་འགོ་དཔོན་ཚུ་གིས་ འདེམས་ངོ་ཚུ་ལས་ གདམ་ངོའི་ཡིག་ཆ་བཙུགས་ཡོད་མི་ཚུ་ བཙག་འཐུ་ལྷན་ཚོགས་ལུ་ འབྲེལ་བ་འཐབ་ཐོག་ལས་ བརྟག་ཞིབ་འགོ་འདྲེན་འཐབ་དགོཔ་དང་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་ནང་ དོ་འགྲན་འབད་མི་ དང་འདོད་ཅན་གྱི་ འདེམས་ངོ་ཚུ་གིས་ རྒྱུ་དངོས་གསལ་བསྒྲགས་འདི་ འབྲེལ་ཡོད་ངོས་ལེན་འགོ་དཔོན་ལུ་ གདམ་ངོའི་ཡིག་ཆ་མ་ཕུལ་བའི་ཧེ་མ་ བཙག་འཐུ་དང་ མི་སྡེ་ཤེས་ཡོན་ལས་ཁུངས་ལས་ བདེན་སོར་འབད་དགོ་ནི་ཨིན་མས།

དངུལ་ཁང་ ཡང་ན་ དངུལ་འབྲེལ་གཙུག་སྡེ་ཆ་མཉམ་གྱིས་རང་ བཙག་འཐུ་འདི་གི་དོ་འགྲན་འབད་མི་ འདེམས་ངོའི་རྩིས་ཁྲ་རྩིས་ཏེ་ ཚུལ་མིན་གྱི་མ་དངུལ་གཏོང་ལེན་འབྱུང་ཚེ་ བཙག་འཐུ་ལྷན་ཚོགས་ལུ་ སྙན་ཞུ་འབད་དགོཔ་ཨིན་མས།

རྒྱལ་ཡོངས་ཚོགས་སྡེ་གི་བཙག་འཐུའི་དོ་འགྲན་འབད་མི་འདེམས་ངོ་དང་ འབྲེལ་ཡོད་ཆ་མཉམ་གྱིས་རང་ བཟའ་འཐུང་ ཡང་ན་ ཁམས་གསོའི་ཞལ་ཟས་ཚུ་བྱིན་མི་ཆོགཔ་མ་ཚད་ ཚོགས་རྒྱན་སྐྱུར་མི་ཚུ་དང་ མི་མང་གིས་ བཙག་འཐུའི་བསྐུལ་བསྒྲགས་ནང་འོང་ཐབས་ལུ་ གླ་ཆ་སྤྲོད་མ་ཆོགཔ་དང་ ཐོན་བསྐྱེད་ཚུ་ག་ཅི་ཡང་ བཀྲམ་སྤེལ་འབད་མི་ཆོག་ཟེར་བཀོད་པའི་གནས་ཚུལ།

སངས་རྒྱས་རབ་བརྟན།