འབྲུག་གི་དངུལ་ཕོགས་བསྐྱར་བཟོའི་དཔྱད་ཡིག་ ༢༠༢༣ ཅན་མ་འདི་ རྒྱལ་ཡོངས་ཚོགས་འདུའི་ནང་ གསུང་གྲོས་མཐིལ་ཕྱིན་གནང་པའི་ཤུལ་ ཆ་འཇོག་གྲུབ་སྟེ་ ཏི་རུའི་དཔྱད་ཡིག་སྦེ་ འབྲུག་གི་རྩ་ཁྲིམས་ཆེན་མོའི་རྩ་ཚན་ ༡༣ པའི་ དོན་ཚན་ ༥ པའི་དགོངས་དོན་ལྟར་ རྒྱལ་ཡོངས་ཚོགས་སྡེ་ལུ་ འབྱོར་ཡོད་མི་འདི་ གཞུང་སྐྱོང་ལེགས་ལྡན་ཚོགས་ཆུང་ལུ་ བགོ་བཀྲམ་གནང་སྟེ་ ཚོགས་ཆུང་གིས་བསྐྱར་ཞིབ་མཛད་ཡོད་པའི་ཤུལ་ རྟིང་ཟབ་ཀྱི་སྙན་ཞུ་འདི་ གསུང་གྲོས་གནང་ནིའི་དོན་ལུ་ ཚོགས་ཁང་ནང་ཕུལ་ཡོདཔ་ཨིན། དེ་ཡང་སྤྱི་ཟླ་ ༦ པའི་སྤྱི་ཚེས་ ༣༠ ལུ་ གསུང་གྲོས་གནང་ཡོདཔ་ཨིན།
གཞུང་སྐྱོང་ལེགས་ལྡན་ཚོགས་ཆུང་གི་ཁྲི་འཛིན་ ཁྱད་ལྡན་གྱི་འཐུས་མི་ཕུན་ཚོགས་རབ་བརྟན་གྱིས་ ཚོགས་དམངས་ལུ་ སྙན་ཞུ་ཕུལ་མི་ནང་ ཚོགས་ཆུང་གི་ཁ་ཐུག་ལས་ རྒྱལ་ཡོངས་ཚོགས་འདུའི་འཕྲི་སྣོན་གྱི་དོན་ཚན་མང་ཤོས་ཅིག་ ངོས་ལེན་མཛད་ཡོད་པའི་གུ་ དོན་ཚན་ ༢ གུ་ འཕྲི་སྣོན་དང་ དོན་ཚན་གསརཔ་ ༢ ཡང་འཁོད་དེ་ཡོདཔ་མ་ཚད་ དོན་ཚན་གཅིག་ཕྱིར་བཏོན་འབད་ཡོད་མི་འདི་ ཞི་གཡོགཔ་གི་ལོ་ལྟར་ངལ་གསོ་འདི་ཨིན་པའི་སྙན་ཞུ་ཁ་གསལ་སྦེ་ ཞུ་གནང་ཡི།
དེའི་ཤུལ་ དཔྱད་ཡིག་གི་དོན་ཚན་ རེ་རེ་བཞིན་དུ་གུ་ གསུང་གྲོས་གནང་པའི་སྐབས་ ཚོགས་ཁང་གི་འཐུས་མི་དག་པ་ཅིག་གིས་ དོགས་པ་དང་དྲི་བ་ཚུ་ཞུ་ཡོད་མི་གུ་ ཚོགས་ཆུང་གི་ཁ་ཐུག་ལས་ འོས་ལྡན་གྱི་ལན་གསལ་ཚུ་ ཞུ་ཡོདཔ་མ་ཚད་ ཚོགས་ཁང་གི་ཁ་ཐུག་ལས་ ཚོགས་ཆུང་གིས་ཕུལ་བའི་ གྲོས་འདེབས་མང་ཤོས་ར་ ཆ་འཇོག་གྲུབ་ཡོདཔ་ཨིན་པའི་གནས་ཚུལ།
སྤྱི་ཟླ་ ༦ སྤྱི་ཚེས་ ༩ ལུ་ དངུལ་རྩིས་བློན་པོ་ རྣམ་རྒྱལ་ཚེ་རིང་གིས་ རྒྱལ་ཡོངས་ཚོགས་འདུ་ནང་ དངུལ་ཕོགས་ལྷན་ཚོགས་༦ པའི་སྙན་ཞུ་དང་གཅིག་ཁར་ འབྲུག་གི་དངུལ་ཕོགས་བསྐྱར་བཟོའི་དཔྱད་ཡིག་༢༠༢༣ ཅན་མ་ གསུང་གྲོས་གནང་ནིའི་དོན་ལུ་ ངོ་སྤྲོད་དང་ཆ་འཇོག་གི་ གྲོས་དོན་ཕུལ་ཡོདཔ་ཨིན།
དངུལ་ཕོགས་ལྷན་ཚོགས་༦ པ་གིས་ ཞི་གཡོགཔ་དང་ མི་མང་སྤྱི་གཡོགཔ་ཚུ་གི་དོན་ལུ་ དངུལ་ཕོགས་བརྒྱ་ཆ་༥༠ ལས་༧༤ གི་བར་ན་ ཡར་སེང་གི་ གྲོས་འདེབས་ཕུལ་ཡོདཔ་བཞིན་དུ་ དེ་གུ་ ན་ཧིང་ དངུལ་ཕོགས་སྒྲིག་བཀོད་བསྐྱར་བཟོའི་བཅའ་ཁྲིམས་༢༠༢༢ ཅན་མའི་ནང་ དངུལ་ཕོགས་བརྒྱ་ཆ་༥ ཡར་སེང་འབད་མི་དེ་བརྩིསཝ་ད་ ཞི་གཡོགཔ་དང་ མི་མང་སྤྱི་གཡོགཔ་ཚུ་གི་ དངུལ་ཕོགས་བསྐྱར་བཟོ་བསྡོམས་བརྒྱ་ཆ་༥༥ གྲོས་འདེབས་ཕུལ་ཡོད་པའི་གནས་ཚུལ།