རྒྱལ་ཡོངས་དུས་ཆེན་སྐོར།

འབྲུག་གི་རྒྱལ་ཡོངས་དུས་ཆེན་འདི་ ཨ་རྟག་ར་ སྤྱི་ཟླ་ ༡༢ པའི་སྤྱི་ཚེས་ ༡༧ ལུ་བརྩི་སྲུང་འབདཝ་ཨིན། ཉིནམ་འདི་ གོང་ས་ཨོ་རྒྱན་དབང་ཕྱུག་ འབྲུག་རྒྱལ་དང་པ་ ཁྲི་མངའ་གསོལ་འབད་བའི་ཉིནམ་ལུ་ རྒྱལ་ཡོངས་དུས་ཆེན་སྦེ་བརྩི་སྲུང་ཞུཝ་ཨིན།

འབྲུག་རྒྱལ་ཁབ་འདི་ མཐུ་ཆེན་ཆོས་ཀྱི་རྒྱལ་པོ་ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་གིས་ ཆོས་སྲིད་ཟུང་འབྲེལ་གྱི་ཐོག་ལས་ སྐྱོངས་པའི་ཤུལ་ལས་ སྡེ་སྲིད་དང་ དཔོན་སློབ་ཚུ་གིས་སྐྱོངས་པའི་སྒང་ སྒྲིག་མ་ཚུགས་པར་སྡོད་པའི་སྒང་ གོང་ས་ཨྱོན་དབང་ཕྱུག་གིས་ ཁོང་གིས་མངའ་འོག་ལུ་བསྡུས་ཡོདཔ་ཨིན་མས།

དེ་གིས་ཤུལ་ལས་ མགྲིན་དབྱངས་གཅིག་གི་ཐོག་ལས་ གོང་ས་ཨྱོན་དབང་ཕྱུག་མཆོག་རྒྱལཔོ་སྦེ་བཀོད་ཡོདཔ་ཨིན་མས། སྤྱི་ལོ་ ༡༩༠༧ སྤྱི་ཟླ་ ༡༢ པའི་སྤྱི་ཚེས་ ༡༧ ལུ་ གོང་ས་ཨྱོན་དབང་ཕྱུག་འབྲུག་གི་རྒྱལཔོ་སྦེ་ཁྲི་མངའ་སྲོལ་གནང་བའི་ཤུལ་ལས་ འབྲུག་རྒྱལ་པོ་གི་མཚན་གནས་གནང་ཡོདཔ་ཨིན་མས། དེ་གི་ཤུལ་ལས་ འབྲུག་རྒྱལ་ཁབ་འདི་ མི་དབང་རིམ་བྱོན་ཚུ་གིས་སྐྱོང་གནང་ཡོདཔ་ཨིན། དེ་འབདཝ་ལས་ སྤྱི་ཟླ་ ༡༢ པའི་ སྤྱི་ཚེས ༡༧ གི་ཉིནམ་འདི་ རྩ་ཆེ་ཏོག་ཏོ་སྦེ་བརྩིཝ་ཨིན།

དེ་སྦེ་རྩ་ཅན་བརྩི་དགོ་མི་འདི་ མི་དབང་རིམ་བྱོན་ཚུ་གིས་ རྒྱལ་ཁབ་ཀྱི་དོན་ལུ་ བློས་གཏང་སྟེ་ མི་སེར་དགའ་ཏོག་ཏོ་དང་ སྐྱིད་ཏོང་ཏོ་སྦེ་ བཞག་མི་ལུ་ བཀའ་དྲིན་དགའ་ཚོར་བསམ་ནི་དོན་ལུ་བརྩི་སྲུང་ཞུ་ནི་དོན་ལུ་ཨིན་མས། དེ་ལས་ ད་ལྟོའི་མི་རབས་ཚུ་གིས་ མ་འོངས་པའི་བུ་བརྒྱུད་ཀྱི་དོན་ལུ་ རྒྱལ་ཁབ་རང་དབང་རང་བཙན་གནས་ཐབས་ལུ་སྨོན་ལམ་བཏབ་དགོཔ་ཀྱི་ཉིནམ་ཨིན་མས།

དེ་བཞིན་དུ་ འབྲུག་མི་ཕྱི་རྒྱལ་ཁབ་དང་ ནང་འཁོད་ནང་ཡོད་མི་ཚུ་གིས་ རྒྱལ་ཡོངས་དུས་ཆེན་གྱི་ཉིནམ་ལུ་ བཀྲ་ཤིས་ལེགས་སྨོན་དང་ བརྩི་སྲུང་ཞུ་ནི་ལུ་སག་ལངས་ཏེ་ཡོདཔ་ཨིནམ་ད་ བཀའ་དྲིན་དགའ་ཚོར་བསམ་དོ་ཡོདཔ་ཨིན།

ལཱ་ཡ་ཁ་སྨད་ཀྱི་རྒཔོ་ དམ་ཆོས་རྡོ་རྗེ་གིས་འབད་བ་ཅིན་ རྒྱལ་རབས་ཅན་གྱི་ཉིནམ་ལུ་ གཅིག་འབྲེལ་དང་གཅིག་མཐུན་སྦེ་ རང་སོའི་ངོ་རྟགས་བདག་འཛིན་འབད་ནིའི་དོན་ལུ་ བརྩི་སྲུང་ཞུ་ནི་དང་ དབང་ཕྱུག་བརྒྱུད་འཛིན་ སྐལ་པ་ཇི་སྲིད་ནམ་གནས་ཀྱི་བར་དུ་གནས་བཅུག་ཅིག་ཟེར་སྨོན་ལམ་བཏབ་ནི་དོན་ལུ་ཨིན་ཟེར་བཤདཔ་ཨིན་མས།

རྒྱ་གར་དི་ལི་ལུ་ འབྲུག་པའི་སློབ་ཕྲུག་རྣམ་རྒྱལ་ཚེ་རིང་གིས་སླབ་མིའི་ནང་ རྒྱལ་ཡོངས་དུས་ཆེན་འདི་ བསམ་ལས་འདས་པའི་རྩ་ཅན་ཅིག་ཨིནམ་མ་ཚད་ མི་དབང་རིམ་བྱོན་གྱི་འོག་ལུ་ རྒྱལ་ཁབ་རང་དབང་རང་བཙན་གནས་ཡོད་མི་བརྩི་སྲུང་ཞུ་ནི་དང་ མི་དབང་མངའ་ཞབས་ལས་ བཀའ་སློབ་ལམ་སྟོན་ཉན་ནི་གི་ ཉིནམ་ཨིན་ཟེར་བཤདཔ་ཨིན་མས།

དེ་བཟུམ་སྦེ་ བསམ་རྩེ་དཔལ་འབྱོར་གླིང་སློབ་གྲྭ་ཆེ་བ་ལས་ སློབ་ཕྲུག་པདྨ་བཟང་མོ་གིས་བཤད་མི་ནང་ དབང་ཕྱུག་བརྒྱུད་འཛིན་ལུ་ འབྲུག་མི་ཆེ་འབྲིང་ཆུང་གསུམ་གྱིས་ བཀའ་དྲིན་བསམ་ནི་གིས་ ཉིནམ་ཨིན་ཟེར་ཨིནམ་ད་ དུས་ཅིའི་རྒྱལ་ཡོངས་དུས་ཆེན་ནང་ ཐིམ་ཕུག་ལྕང་གླིང་མའི་ཐང་ནང་ བརྩི་སྲུང་ཞུ་ས་ལས་མི་འབང་མངའ་བདག་རིན་པོ་ཆེའི་གསུང་བཤད་གནང་མི་འདི་ རྒྱང་མཐོང་ནང་མཇལ་ནི་གིས་ སག་ལངས་དེ་ཡོད་ཟེར་ཨིན་མས།

ཨོས་ཊི་ལི་ཡ་ཀེན་བཱ་ར་ལས་  པདྨ་ལྷ་མོ་གིས་འབད་བ་ཅིན་ རྒྱལ་ཡོངས་དུས་ཆེན་འདི་ མི་དབང་རིམ་བྱོན་ཚུ་ལུ་བཀའ་དྲིན་རྗེ་དྲན་ དྲན་ནི་གིས་དོན་ལུ་དང་ འབྲུག་མི་ཨིན་ཟེར་བའི་དཔའ་ཉམས་བསྐྱེད་ནི་གི་ཉིནམ་ཨིན་ཟེར་ཨིན་མས། མོ་གིས་སླབ་མི་ནང་ འབྲུག་མི་ཚུ་ཕྱིའི་རྒྱལ་ཁབ་ནང་སྡོད་ཡོདཔ་ཨིན་རུང་ རྒྱལ་ཡོངས་དུས་ཆེན་བརྩི་སྲུང་ཞུ་ནི་ལུ་སག་ལངས་ཏེ་ཡོད་ཟེར་ཨིན་མས།

དེ་བཟུམ་སྦེ་ མཱལ་དིབ་ལུ་སྡོད་མི་ སྒྲོལ་མ་གིས་ཡང་ རྒྱལ་ཡོངས་དུས་ཆེན་འདི་འབྲུག་མི་ཡོངས་ལུ་གལ་ཅན་ཅིག་ཨིན་ཟེར་བཤད་ཡོདཔ་ཨིནམ་དང་ འབྲུག་མི་ཡོངས་ལུ་བཀྲ་ཤིས་ལེགས་སྨོན་ཡོད་ཟེར་ཨིན་མས།

དུས་ཅིའི་ སྤྱི་ལོ་ ༢༠༢༣ གི་ རྒྱལ་ཡོངས་དུས་ཆེན་ཐེངས་ ༡༡༦ པ་འདི་ ཐིམ་ཕུག་ལྕང་གླིང་མའི་ཐང་ནང་བརྩི་སྲུང་ཞུ་ནི་ཨིན་པའི་གནས་ཚུལ།

སངས་རྒྱས་རབ་བརྟན།