རྒྱ་གར་གཞུང་གིས་ འབྲུག་ལུ་ ཀར་ཕྱེ་ཕྱིར་ཚོང་གི་ཐོབ་སྐལ་གསལ་བསྒྲགས་འབད་ཡོདཔ།

རྒྱ་གར་གཞུང་གིས་ འབྲུག་ལུ་ ཀར་ཕྱེ་ཕྱིར་ཚོང་གི་ཐོབ་སྐལ་གསལ་བསྒྲགས་འབད་ཡོདཔ།

འབྲུག་གཞུང་གིས་ རྒྱ་གར་གཞུང་ལུ་ རྒྱལ་ཁབ་ནང་ ཀར་ཕྱེ་དང་ཀར་ཕྱེ་གི་ཐོན་སྐྱེད་ཀྱི་རིགས་ ཕྱིར་ཚོང་འབད་དགོ་པའི་ཞུ་བ་འབདཝ་བཞིན་དུ་ དབང་ཆ་ཡོད་པའི་དབང་འཛིན་གྱིས་གནང་བ་སྤྲོད་ཡོདཔ་ཨིན་མས། དེ་ཡང་ ན་ཧིང་ རྒྱ་གར་གཞུང་གིས་ འབྲུག་ལུ་ཀར་ཕྱེ་ཕྱིར་ཚོང་འཐབ་ནི་དེ་ བཀག་འཛིན་འབད་ཡོད་པའི་ཤུལ་ལས་ ཕྱིར་ཚོང་འབད་ཆོག་པའི་གནང་བ་ཐོབ་པའི་ཤུལ་ལས་ དུས་ཅི་ལོག་འགོ་བཙུགས་ནི་སྦེ་སྤྱི་ཟླ་ ༧ པ་མཇུག་བསྡུ་ཁམས་ཅིག་ལུ་ གསལ་བསྒྲགས་འབད་ཡོདཔ་ཨིན་མས།

རྒྱ་གར་གཞུང་གི་ ཕྱིར་ཚོང་མདོ་ཆེན་ཡིག་ཚང་གི་གསལ་བསྒྲགས་དང་འཁྲིལ་བ་ཅིན་ ཕྱིར་ཚོང་འབད་ཆོག་པའི་གནང་བ་འདི་ འབྲུག་ལུ་ སྤྱི་ལོ་ ༢༠༢༣ ལས་ ༢༠༢༤ ཚུན་ ཀར་མེ་ཊིག་ཊཱོན་ ༡༤ ,༡༨༤ དང་ ཀར་ཕྱེ་ཨ་ཊ་ ༥,༣༢༦ དེ་ལས་ མེའི་དཱ་མི་ཊིག་ཊཱོན་ ༡༥,༢༢༦ དེམ་ཅིག་འབད་ཆོག་པའི་གསལ་བསྒྲགས་འབད་ཡོདཔ་ཨིན་མས།

གསལ་བསྒྲགས་དང་འཁྲིལ་བ་ཅིན་ ཀར་ཕྱེ་དང་ ཨ་ཊ་ དེ་ལས་ མེའི་དཱ་གི་ཐོབ་སྐལ་ཕྱིར་ཚོང་ཡངས་ཆག་དེ་ འབྲུག་གཞུང་གིས་ ཞུ་བ་ལྟར་དུ་འབད་ཡོད་ཟེར་ཨིན་མས། དེ་བཞིན་དུ་ ཕྱིར་ཚོང་འཐབ་མི་ཚོང་པ་ཚུ་ལས་ ཐོབ་སྐལ་ཕྱིར་ཚོང་གི་དོན་ལུ་ རིན་བསྡུར་ཡིག་ཆ་བཙུགས་དགོ་པའི་གསལ་བསྒྲགས་འབད་ཡོདཔ་ད་ ཀར་ཕྱེ་དང་ ཀར་ཕྱེ་གི་ཐོན་སྐྱེད་ཕྱིར་ཚོང་འདི་ འགྲུལ་འཁོར་སྐྱེལ་འདྲེན་ནང་ ཉུང་མཐའ་མེ་ཊིག་ཊཱོན་ ༡༠༠ རྐྱངམ་གཅིག་འབད་ཆོག་ནི་ཨིན་མས།

རྒྱལ་ཁབ་ནང་ ཀར་ཕྱེ་ནང་འདྲེན་འདི་ རྒྱ་གར་གཞུང་གིས་ ན་ཧིང་ སྤྱི་ཟླ་ ༨ པའི་སྤྱི་ཚེས་ ༢༧ ལུ་ གོང་ཚད་མར་ཕབ་འབད་ནི་གིས་ཐབས་ལམ་སྦེ་ བཀག་འཛིན་འབད་བའི་་ཤུལ་ལས་ འབད་ཡོདཔ་ཨིན་མས། ཀར་ཕྱེ་ནང་འདྲེན་འབད་ནི་མེད་པའི་ཤུལ་ལས་ རྒྱལ་ཁབ་ནང་ ཀར་ཕྱེ་ཐོན་སྐྱེད་ཀྱི་ཟ་ཁང་ཚུ་ལུ་ཐོ་ཕོག་ཡོདཔ་མ་ཚད་ སྤྱི་བཏང་མི་སེར་ཚུ་ལུ་ཡང་ཐོ་ཕོག་ཡོད་པའི་གནས་ཚུལ། 

སངས་རྒྱས་རབ་བརྟན།