འབྲུག་ལས་ རྒྱ གར་གིས་ ཆོག་ཐམ་མེད་པར་ ཀེ་བ་ནང་འདྲེན་འབད་ནི་དེ་ དོ་རུང་ ལོ་གཅིག་གི་རིང་ ཕར་འགྱང་འབད་དེ་ཡོདཔ་ཨིན། དེ་ཡང་ ཉེ་ཆར་ རྒྱ་གར་གཞུང་ ཕྱིར་ཚོང་སྤྱི་ཁྱབ་མདོ་ཆེན་ཡིག་ཚང་གི་ གསལ་བསྒྲགས་འབད་ཡོདཔ་ཨིན། ཀེ་བ་ནང་འདྲེན་འབད་ནི་དེ་ སྤྱི་ལོ་ ༢༠༢༤ པའི་ སྤྱི་ཟླ་ ༦ པའི་སྤྱི་ཚེས་ ༣༠ ཚུན་ཚོད་འབད་ཆོག་ནི་ཨིན་མས།
དེ་སྦེ་ ཆོག་ཐམ་མེད་པར་ ཀེ་བ་ནང་འདྲེན་འབད་ནི་དེ་ ལོ་གཅིག་གི་རིང་ ཕར་འགྱང་འབད་ནི་གིས་ གྲོས་ཆོད་ཡང་ ཀེ་བ་བཀྲམ་སྤེལ་རྒྱུན་མ་ཆད་པར་འབད་ནི་ལུ་ དམིགས་གཏད་བསྐྱེད་དེ་ཨིནམ་མ་ཚད་ རྒྱལ་ཁབ་གཉིས་ཀྱི་བར་ན་ མཐུན་ལམ་དམ་ཟབ་བཞག་ཐབས་ལུ་དམིགས་ཏེ་ཨིན་མས། དེ་མ་ཚད་ ཉེ་ཆར་ རྒྱ་གར་གཞུང་ ཕྱིར་ཚོང་སྤྱི་ཁྱབ་མདོ་ཆེན་ཡིག་ཚང་གི་གསལ་བསྒྲགས་དང་འཁྲིལ་བ་ཅིན་ ནང་འདྲེན་གོང་ཚད་ཀྱི་ཁྱད་ཚད་དང་འཁྲིལ་མ་དགོ་པར་ ལོ་ལྟར་བཞིན་དུ་ ཅ་དམ་གསལ་སྟོན་ ཇལ་པའི་གུ་རི་རྫོང་ཁག་འོག་ལུ་ཨིན་མི་ ཅ་མར་ཅི་ལས་བརྒྱུད་དེ་ འབྲུག་ལས་རྡོག་མ་གསརཔ་མི་ཊིག་ཊོན་ ༡༧,༠༠༠ དེམ་ཅིག་ ཕྱིར་བཙོང་འབད་ཆོག་ནི་སྦེ་བཞག་ཡོདཔ་ཨིན་མས།
གསལ་བསྒྲགས་དེ་ གཙོ་བོ་ རྒྱ་གར་གི་ཕྱིར་ཚོང་པ་ ཆ་གནས་ཡོད་པའི་ཆོག་ཐམ་ཡོད་མི་དང་ མེད་མི་གཉིས་ཆ་རའི་དོན་ལུ་ཨིན་མས།
ཕུན་ཚོགས་གླིང་དང་ དགེ་ལེགས་ཕུག་ དེ་ལས་བསམ་གྲུབ་ལྗོངས་ས་མཚམས་བརྒྱུད་དེ་ འབྲུག་ལས་ རྒྱ་གར་ལུ་ ཀེ་བ་ཕྱིར་ཚོང་དེ་ འབྲུག་བཟའ་སྤྱོད་ལས་འཛིན་ཚད་གྱིས་ ལྷན་ཐབས་འབདཝ་ཨིན།
འབྲུག་བཟའ་སྤྱོད་ལས་འཛིན་ཚད་ཀྱི་མདོ་ཆེན་ ཚེ་རིང་རྡོ་རྗེ་གིས་སླབ་མིའི་ནང་ ལས་འཛིན་གྱིས་ རྒྱ་གར་གཞུང་ལུ་ ནང་འདྲེན་གྱི་དུས་ཚོད་ཕར་འགྱང་འབད་དགོ་པའི་ཞུ་འབདཝ་འབད་ས་ར་སྡོད་ཅི་ཟེར་ཨིནམ་ད་ མཐའ་མཇུག་ལུ་ ཕར་འགྱང་འབད་ཡི་ཟེར་ཨིན་མས། དེ་སྦེ་ཕར་འགྱང་འབད་དགོ་པའི་ཞུ་བ་འབད་དགོ་པའི་དམིགས་ཡུལ་ཡང་ གཙོ་བོ་ར་ འབྲུག་གི་ཀེ་བ་ཕྱིར་ཚོང་ཐོགས་ཆགས་མེད་པར་འབད་ཚུགས་ནི་དོན་ལུ་ཨིན་ཟེར་བཤད་ཅི། ཨིན་རུང་མདོ་ཆེན་གིས་འབད་བ་ཅིན་ འབྲུག་པའི་ཚོང་འབྲེལ་པ་ཚུ་ལུ་འབད་བ་ཅིན་ ངེས་པར་དུ་ ཆོག་ཐམ་དགོ་ཟེར་ཨིན་མས།
འབྲུག་པའི་ཚོང་པ་ཚུ་ལུ་ དེ་སྦེ་ཆོག་ཐམ་ངེས་པར་དུ་དགོ་མི་ཡང་ འབྲུག་བཟའ་སྤྱོད་ལས་འཛིན་ཚད་གྱིས་མདོ་ཆེན་གིས་སླབ་མིའི་ནང་ ས་མཚམས་མདའ་སྟེ་ ཚོང་འབྲེལ་ཚུ་སྒྲིག་མཐུན་བཟོ་ནི་དོན་ལུ་ཨིན་ཟེར་བཤད་ཅི། དེ་ཡང་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་བསྟར་སྤྱོད་འབད་བཅུག་ཡོད་མི་ལམ་ལུགས་ ཚོང་པ་ཚུ་གིས་ ཚར་གཅིག་ཡོངས་འབྲེལ་ཐོག་ ཐོ་བཀོད་འབད་དེ་ ས་མཚམས་མདའ་སྟེ་ ཅ་ལ་དང་ ཞབས་ཏོག་གི་ཚོང་འབྲེལ་ཚུ་སྒྲིག་མཐུན་ཐོག་ཐབས་ནི་དོན་ལུ་ཨིན་མས།
འབྲུག་བཟའ་སྤྱོད་ལས་འཛིན་ཚད་གྱིས་མདོ་ཆེན་གིས་སླབ་མིའི་ནང་ ཕྱིར་ཚོང་ཞབས་ཏོག་ དེ་སྦེ་ཆོག་ཐམ་ཡོད་མི་དང་ མེད་མི་གཉིས་ཆ་ར་ལུ་སྤྲོད་དོ་ཨིནམ་ད་ ཁྱད་ཚད་ལྡན་ལྡན་པའི་ཚོང་པ་གཞན་ཚུ་གིས་ཡང་ ཚོང་འབྲེལ་གྱི་གྲངས་སུ་འཛུལ་ཆོག་ནི་ཨིན་པའི་གནས་ཚུལ།
སངས་རྒྱས་རབ་བརྟན།