Bhutan – an exception in India’s ban on import of Apples 

རྒྱ་གར་གཞུང་གིས་ འབྲུག་གི་ཨེ་པཱལ་དེ་ ནང་འདྲེན་བཀག་དམ་ལས་ ཡངས་ཆག་འབད་ཡོདཔ།

རྒྱ་གར་གཞུང་གིས་ ཕྱིའི་རྒྱལ་ཁབ་ལས་ ཨེ་པཱལ་ནང་འདྲེན་བཀག་དམ་འབད་ཡོད་མི་ལས་ འབྲུག་རྒྱལ་ཁབ་ལས་ནང་འདྲེན་འབད་ནི་དེ་ ཡངས་ཆག་འབད་ཡོདཔ་ཨིན་མས། རྒྱ་གར་གཞུང་གིས་ བཀག་ཆ་མེད་པའི་ནང་འདྲེན་སྲིད་བྱུས་བསྒྱུར་བཅོས་དང་བསྟུན་ ཨེ་པཱལ་ནང་འདྲེན་བཀག་ཆ་འབད་ཡོདཔ་ཨིན་མས།  རྒྱ གར་གི་གནས་ཚུལ་ལས་ཁང་ཚུ་དང་འཁྲིལ་བ་ཅིན་ སྤྱི་ཟླ་ ༥ པའི་སྤྱི་ཚེ་༨ ལུ་ གོང་ཚད་དང་ ཉེན་བཅོལ་ དེ་ལས་ དོ་གླ་ཚུ་ ཀི་ཇི་གཅིག་ལུ་ རྒྱ་གར་གི་རུ་པི་ ༥༠ དང་འདྲན་འདྲ་ ཡང་ན་ གོང་ཚད་དེ་ཡི་ འོག་རྒྱུ་གནས་མི་ཚུ་ལུ་ ནང་འདྲེན་དེ་ བཀག་དམ་འབད་ནི་སྦེ་ གསལ་བསྒྲགས་འབད་ཡོདཔ་ཨིན་མས།

རྒྱ་གར་ཕྱི་རྒྱལ་ཚོང་འབྲེལ་ཡོངས་ཁྱབ་མདོ་ཆེན་ཡིག་ཚང་གི་གསལ་བསྒྲགས་དང་འཁྲིལ་བ་ཅིན་ ཨེ་པཱལ་ནང་འདྲེན་དེ་  གོང་ཚད་དང་ ཉེན་བཅོལ་ དེ་ལས་ དོ་གླ་ཚུ་ ཀི་ཇི་གཅིག་ལུ་ རྒྱ་གར་གི་རུ་པི་ ༥༠ དང་འདྲན་འདྲ་ ཡང་ན་ གོང་ཚད་དེ་ཡི་ འོག་རྒྱུ་གནས་མི་ཚུ་ལུ་ ནང་འདྲེན་འདི་ བཀག་དམ་འབད་ནི་སྦེ་ཨིན་མས། ཨིན་རུང་ རྒྱ་གར་གསར་ཤོག་ལས་ཁང་ ཨིན་ཌི་ཡ་བུ་ལུམ་དང་འཁྲིལ་བ་ཅིན་ བཀག་དམ་དེ་ འབྲུག་ལས་ཨེ་པཱལ་ནང་འདྲེན་འབད་ནིའི་ནང་ མི་ཚུད་ཟེར་གསལ་བསྒྲགས་འབདཝ་ཨིན་མས།

ཨེ་པཱལ་ནང་འདྲེན་བཀག་དམ་འཕྲི་སྣོན་སྲིད་བྱུས་དེ་ འབྲུག་རྒྱལ་ཁབ་ལས་ནང་འདྲེན་འབད་ནི་དེ་མི་ཚུད་ཟེར་ རྒྱ་གར་ཕྱི་རྒྱལ་ཚོང་འབྲེལ་ཡོངས་ཁྱབ་མདོ་ཆེན་ཡིག་ཚང་གིས་གསལ་བསྒྲགས་འབད་ཡོདཔ་ཨིན་མས།

སྤྱི་ལོ་ ༢༠༢༢ ལུ་ རྒྱ་གར་རྒྱལ་ཁབ་ཀྱིས་ དངུལ་ཡུ་ཨེསི་ཌོ་ལར་ ས་ཡ་ ༣༨༥ ལྷགཔ་ཅིག་གནས་པའི་ཨེ་པཱལ་ནང་འདྲེན་འབད་ཡོདཔ་ད་ སྤྱི་ལོ་ ༢༠༢༣ ལུ་ དངུལ་ཡུ་ཨེསི་ཌོ་ལར་ས་ཡ་ ༢༩༦ རྐྱངམ་ཅིག་གནས་པའི་ཨེ་པཱལ་ནང་འདྲེན་འབད་དེ་ཡོདཔ་ཨིན་མས།

རྒྱ་གར་རྒྱལ་ཁབ་ཀྱིས་ ཨེ་པཱལ་ནང་འདྲེན་གཙོ་བོ་ར་ ཡུ་ཨེསི་དང་ ཨི་རན་ དེ་ལས་ བཱརཱ་ཛིལ་   ཡུ་ཨེ་ཨི་ ཨཕ་ག་ནིསི་ཏཱན་ ཕརཱན་སི་ བེལ་ཇིཡམ་ ཅི་ལི་ ཨི་ཊ་ལི་ ཊར་ཀི་ ནིའུ་ཟི་ལེནཌ་ དེ་ལས་ ལྷོ་ཨཕ་རི་ཀ་དང་ པོ་ལེནཌ་ལས་འབད་དོ་ཨིན་མས། སྤྱི་ལོ་ ༢༠༢༢ ལས་ སྤྱི་ཟླ་ ༥ པ་ལས་ སྤྱི་ལོ་ ༢༠༢༣ སྤྱི་ཟླ་ ༢ པ་ཚུན་ཚོད་ལུ་ ལྷོ་ཨཕ་རི་ཀ་ལས་ རྒྱ་གར་རྒྱལ་ཁབ་ཀྱིས་ དངུལ་ཡུ་ཨེསི་ཌོ་ལར་ས་ཡ་ ༡༥ ལྷགཔ་ཅིག་གནས་པའི་ཨེ་པཱལ་ནང་འདྲེན་འབད་ཡོདཔ་ཨིནམ་ད་ དེ་གིས་ ནང་འདྲེན་གྱི་ཚད་ བརྒྱ་ཆ་ ༨༤་༨ དེམ་ཅིག་གིས་ ཡར་ཡར་འཛེག་ཡོདཔ་ཨིན་མས།

དེ་བཟུམ་སྦེ་ རྒྱ་གར་རྒྱལ་ཁབ་ཀྱིས་ པོ་ལེནཌ་ལས་ དངུལ་ས་ཡ་ ༡༥ ལྷགཔ་ཅིག་གི་ ཨེ་པཱལ་ནང་འདྲེན་འབད་ཡོདཔ་ད་ དེ་གིས་ ནང་འདྲེན་ཚད་བརྒྱ ཆ་ ༡༥་༣༩ གིས་ ཡར་འཛེག་ཡོདཔ་ཨིན་མས། ཨིན་རུང་ གསར་ཤོག་ནང་ལས་ཕར་བཀོད་དོ་བཟུམ་འབད་བ་ཅིན་ རྒྱ་གར་རྒྱལ་ཁབ་ཀྱིས་ ཡུ་ཨེསི་དང་ ཡུ་ཨེ་ཨི་ དེ་ལས་ ཕརཱན་སི་དང་ ཨཕ་ག་ནིསི་ཏན་ལས་ ཨེ་པཱལ་ནང་འདྲེན་འབད་ནི་དེ་ མར་ཕབ་སོང་ཡོདཔ་སྦེ་བཀོད་ཡོདཔ་ཨིན་མས།

དོ་རུང་རྒྱ གར་གི་གསར་ཤོག་ལས་ཁང་ ཨི་ཀོ་ནོ་མིགསི་དང་འཁྲིལ་བ་ཅིན་ དེ་སྦེ་ཨེ་པཱལ་ནང་འདྲེན་བཀག་དམ་འབད་ནིའི་ འཕྲི་སྣོན་སྲིད་བྱུས་ཡང་ ཀཤི་མིར་སྔ་སྡེ་གི་སོ་ནམ་པ་ཚུ་གིས་ ཤིང་འབྲས་ཨེ་པཱལ་ ཨི་རན་ལས་ནང་འདྲེན་འབད་དོ་ཨིན་མི་གིས་ ནང་འཁོད་ལས་འཐོན་པའི་ཨེ་པཱལ་གྱི་གོང་ཚད་ལུ་གནོད་དོ་ཨིནས་ལས་ ངོ་རྒོལ་འགྲེམས་སྟོན་འབད་བའི་ཤུལ་ལས་ཨིན་མས།

འབྲུག་ལུ་ཨེ་པཱལ་དེ་ རྒྱ་མཚོ་ལས་མཐོ་ཚད་མི་ཊར་ ༢,༠༠༠ དང ༢,༦༠༠ འི་བར་ན་ སྐྱེ་དོ་ཨིནམ་ད་ མང་ཤོས་ར་ ཐིམ་ཕུག་དང་ སྤ་རོ་ དེ་ལས་ ཧཱ་དང་ བུམ་ཐང་ལུ་ཡང་སྐྱེ་དོ་ཨིན་མས། ཨེ་པཱལ་དེ་རྫོང་ཁག་གཞན་ནང་ཡང་ རང་སོའི་ཟ་སྤྱོད་ཀྱི་དོན་ལུ་ འཛུགས་སྐྱོང་འབད་དོ་ཡོདཔ་ཨིན།

འབྲུག་ལས་འཐོན་པའི་ཨེ་པཱལ་དེ་མང་ཤོས་ར་ བང་ལ་དེཤི་དང་ རྒྱ་གར་རྒྱལ་ཁབ་གཉིས་ནང་ ཕྱིར་ཚོང་འབད་དོ་ཡོདཔ་ད་ ཕྱིར་ཚོང་འབད་མ་བཏུབ་པའི་ཨེ་པཱལ་ཚུ་ རྒྱལ་ཁབ་ནང་ ཤིང་འབྲས་ཐོན་སྐྱེད་བཟོ་དོན་ཁང་ནང་ལས་ཕར་བཙོང་དོ་ཡོད་པའི་གནས་ཚུལ།

སངས་རྒྱས་རབ་བརྟན།