རིག་པ་གསར་བཏོད་ཀྱི་གོ་སྐབས་གཞི་སྟེགས་གསར་བཏོན་འབད་ཡོདཔ།

སྲིད་བྱུས་བཟོ་མི་དང་ རིག་པ་གསར་བཏོད་པ་ དེ་ལས་ མ་རྩ་བཙུགས་འབད་མི་ཚུ་ འབྲེལ་མཐུད་འབད་ནིའི་དོན་ལུ་ སྤྱི་ཟླ་ ༥ པའི་སྤྱི་ཚེས་ ༥ ལུ་ ཐིམ་ཕུག་ལུ་སྦེ་ རིག་པ་གསར་བཏོད་ཀྱི་གོ་སྐབས་གཞི་སྟེགས་ གནས་སྐབས་གོ་སྐབས་ཟེར་མི་ཅིག་ གསར་བཏོན་ཡོདཔ་ཨིན་མས། གཞི་སྟེགས་ཀྱིས་ གསར་བཏོད་པ་དང་ མ་རྩ་གཞི་བཙུགས་འབད་མི་ཚུ་གི་བར་ན་ མཉམ་འབྲེལ་འབད་དེ་ ནང་འཁོད་ཀྱི་གསར་བཏོད་ཚུ་གོང་འཕེལ་གཏང་ནི་དང་ རིག་པ་སྟོན་ནི་ དེ་ལས་ དཀའ་ངལ་སེལ་ཐབས་ཀྱི་དོན་ལུ་ཨིན་མས། དེ་བཟུམ་མའི་གཞི་སྟེགས་གསར་བཏོད་འབད་ནི་དེ་ རྒྱལ་ཁབ་ནང་ འགོ་དང་པ་ཨིན་མས།

བཟོ་གྲྭ་ཚོང་ལས་དང་ལཱ་གཡོག་ལྷན་ཁག་གི་བློན་པོ་སྐར་མ་རྡོ་རྗེ་གིས་སླབ་མིའི་ནང་ དེ་བཟུམ་མའི་གཞི་སྟེགས་ཀྱིས་ རྒྱལ་ཁབ་ནང་ མི་སྡེ་གི་དཀའ་ངལ་ལུ་གདོང་ལན་འབད་ནི་ཨིནམ་མ་ཚད་ རིག་པ་གསར་བཏོད་ཀྱིས་ མི་མང་གི་འཚོ་བའི་གནས་སྟངས་ཡང་ ཡར་དྲག་བཟོ་ཚུགས་ཟེར་ཨིན་མས། བློན་པོ་གིས་སླབ་མིའི་ནང་ གཞི་སྟེགས་གིས་ དུས་རབས་ ༢༡ པའི་ནང་ རིག་པ་གསར་བཏོད་དེ་ གལ་ཅན་སྦེ་བརྩི་དགོཔ་དང་ གསར་བཏོད་ཀྱི་སྲོལ་དེ་ གསོ་སྐྱོངས་འབད་ནིའི་ལུ་ བརྩོན་ཤུགས་བཏོན་པའི་བརྡ་མཚན་སྟོནམ་ཨིན་ཟེར་བཤད་ཅི།

འབྲུག་ལུ་ འཛམ་གླིང་གོང་འཕེལ་ལས་རིམ་གྱི་ངོ་ཚབ་ མོ་ཧ་མཌ་ཡོ་ནཱས་ཀྱིས་སླབ་མིའི་ནང་ དཀའ་ངལ་སྦོམ་ཆུང་ག་བཟུམ་ཨིན་རུང་ རིག་པ་གསར་བཏོད་དེ་ གདོང་ལན་འབད་ནིའི་ནང་ ཐབས་ཤེས་ཅིག་ཨིན་ཟེར་བཤད་ཅི། ཁོ་གིས་སླབ་མིའི་ནང་ འཛམ་གླིང་སྤྱི་ཚོགས་ཀྱིས་ འབྲུག་གཞུང་དང་མཉམ་འབྲེལ་ཐོག་ འབྲུག་པའི་མི་སེར་དང་ ལྷག་པར་དུ་ ན་གཞོན་ཚུ་གི་ ལྕོགས་གྲུབ་སྟོན་ནིའི་ལུ་ རྒྱབ་སྐྱོར་འབད་དོ་ཟེར་ཨིན་མས།

དེ་བཟུམ་སྦེ་ འབྲུག་རྒྱུ་ནོར་གཞི་བཟུང་གི་ འཛིན་སྐྱོང་སྤྱི་ཁྱབ་ཨུ་ཇལ་དིབ་ད་ཧལ་གྱིས་སླབ་མིའི་ནང་ གཞི་སྟེགས་ཀྱིས་ རེ་འདོད་སྦོམ་སྦེ་བསྐྱེད་དགོཔ་མ་ཚད་ དམིགས་བསལ་གྱིས་ ན་གཞོན་ཚུ་ལུ་ བློ་གཏད་བསྐྱེད་ཚུགསཔ་སྦེ་བཟོ་འོང་ཟེར་ཨིན་མས། འཛིན་སྐྱོང་སྤྱི་ཁྱབ་ཀྱིས་སླབ་མིའི་ནང་ བཟོ་གྲྭ་ཚོང་ལས་དང་ལཱ་གཡོག་ལྷན་ཁག་དང་ འབྲུག་རྒྱུ་ནོར་གཞི་བཟུང་ འཛམ་གླིང་སྤྱི་ཚོགས་གོང་འཕེལ་ལས་རིམ་ ལས་སྡེ་ཚུ་གིས་རྒྱབ་སྐྱོར་ཐོག་ རྒྱལ་ཁབ་ནང་བཟོ་བསྐྲུན་འབད་དེ་ ཕྱིའི་རྒྱལ་ཁབ་ནང་ལས་ཕར་ ཕྱིར་ཚོང་འཐབ་ནིའི་གོ་སྐབས་འཐོབ་དགོ་ཟེར་ཨིན་མས།

འབྲུག་ལུ་འཛམ་གླིང་སྤྱི་ཚོགས་གོང་འཕེལ་ལས་རིམ་གྱི་ ཚན་རིག་བརྟག་དཔྱད་ཁང་གི་མགྱོགས་ཚད་སེང་མི་ལས་བྱེདཔ་ ཚེ་རིང་དབང་མོ་གིས་སླབ་མིའི་ནང་ གནས་སྐབས་གོ་སྐབས་ཀྱི་གཞི་སྟེགས་དེ་ མི་སེར་གྱིས་ མི་སེར་གྱི་དོན་ལུ་ ཡོངས་ཐོབ་ཚོང་ཁང་གཅིག་ཨིན་ཟེར་ཨིན་མས། མོ་གིས་སླབ་མིའི་ནང་ གནས་སྐབས་དང་ དཀའ་ངལ་སེལ་ཐབས་བརྗེ་སོར་འབད་ནིའི་དོན་ལུ་ གློག་རིག་སྤྱོད་ཨང་ཐོ་བཀོད་འབད་དགོཔ་ཨིནམ་ད་ སྲིད་བྱུས་བཟོ་མི་ཚུ་གི་དོན་ལུ་ སྤྱོད་ཨང་མ་དགོཔ་སྦེ་ལག་ལེན་འཐབ་ཚུགས་ཟེར་ཨིན་མས།

རིག་པ་གསར་བཏོད་ཀྱི་གོ་སྐབས་གཞི་སྟེགས་དེ་ བཟོ་གྲྭ་ཚོང་ལས་དང་ལཱ་གཡོག་ལྷན་ཁག་དང་ འབྲུག་རྒྱུ་ནོར་གཞི་བཟུང་ དེ་ལས་ འཛམ་གླིང་སྤྱི་ཚོགས་གོང་འཕེལ་ལས་རིམ་མཉམ་འབྲེལ་ཐོག་ གསར་བཏོད་འབད་ཡོད་པའི་གནས་ཚུལ།

སངས་རྒྱས་རབ་བརྟན།