སྔོན་མ་གནས་སྟངས་སོ་སོ་ཡོད་པའི་དུས་ལུ་ རྒྱལ་ཁབ་ཀྱི་གཡུས་མཐའ་ཟུར་ནང་ ཨ་ལུ་སྐྱེས་ནི་དེ་ འཇམ་ཏོང་ཏོ་ཅིག་མེདཔ་ཨིན་མས། དེ་སྒང་ ཨམ་སྲུ་ཚུ་གིས་ཕོ་ནང་ཨ་ལུ་ཆགས་པའི་སྐོར་ རང་སོའི་བཟའ་ཚང་ནང་རྐྱངམ་གཅིག་མ་གཏོགས་ ཕྱི་ཁའི་མི་ཚུ་གིས་ ཤེས་ནི་དེ་ ཉུང་སུ་ཅིག་སྦེ་སྡོད་ཡོདཔ་ཨིན་མས། དཔེར་ན་ གྲོང་གསེབ་ཀྱི་ཨམ་སྲུ་ཅིག་ཨིན་མི་ བཀྲ་ཤིས་བཟང་མོའི་མི་ཚེའི་གནས་སྟངས་དེ་ སོ་སོ་གཅིག་སྦེ་སྡོད་ཡོདཔ་ཨིན་མས། དེ་སྦེ་གསང་བཞག་དགོ་མི་དེ་ཡང་ ཕོ་ནང་ཡོད་པའི་ཨ་ལུ་དེ་ འདྲེ་ཚུ་གིས་འབག་འགྱོ་འོང་ཟེར་བའི་ ལོ་རྒྱུས་སླབ་སྲོལ་ཡོད་མི་ལས་བརྟེན་ཨིན་མས། བཀྲ་ཤིས་བཟང་མོ་གིས་ མོ་ར་ན་ཆུང་སྦེ་སྡོད་པའི་དུས་ལུ་ ཨ་ལུ་ཆགས་པའི་སྐོར་ ཕྱི་ཁར་སླབ་ནི་དེ་ རྣམ་རྟོག་སྦེ་བརྩི་དོ་ཨིནམ་སྦེ་བཤདཔ་ཨིན་མས།
འདས་པའི་དུས་ནང་ བཀྲ་ཤིས་བཟང་མོ་གིས་འབད་བ་ཅིན་ ཨ་ལུ་མངལ་ལས་ཤོར་ནི་དང་ ཡང་ན་ ཤི་སྟེ་སྐྱེས་ནི་དེ་ ཡོངས་གྲགས་སྦེ་ སྡོད་ཡོདཔ་ཨིན་མས། དེ་འབདཝ་ལས་ སྦྲུམ་ལྡན་ཨམ་སྲུ་ཚུ་གིས་ ཁོང་རའི་མངལ་ནང་ཡོད་པའི་ཨ་ལུ་ལུ་ འདྲེ་གིས་མཐོང་དེ་གནོད་པ་བཀལ་འོང་ཟེར་བའི་ འཇིགས་སྣང་གིས་ ཕྱི་ཁར་ཤེས་མི་བཅུག་ནིའི་དོན་ལུ་ འཛེམ་དོ་ཨིནམ་ད་ ཨ་ལུ་མངལ་ལུ་ཡོད་པའི་ཨམ་སྲུ་ཚུ་གིས་ རང་སོའི་ཨའི་ལུ་ཡང་མ་སླབ་པར་ སྨན་ཁང་ནང་ཡང་ རང་རྐྱངམ་གཅིག་སྦེ་ འགྱོ་དོ་ཡོདཔ་ཨིན་མས། མངལ་ནང་ཨ་ལུ་ཆགས་པའི་དུས་ལུ་ གཅེས་སྐྱོང་དང་དྲན་སེམས་མེདཔ་ལས་ མངལ་ནང་ཨ་ལུ་ཤི་ནི་དང་ ཡང་ན་ སྐྱེས་རུང་ དུས་ཡུན་ཐུང་ཀུ་ནང་ར་ཤི་བའི་གནད་དོན་སྡོད་ཡོདཔ་ཨིན་མས།
འབྲུག་ལུ་ གསོ་བའི་འཕྲོད་བསྟེན་ཞབས་ཏོག་སྦེ་ སྤྱི་ལོ་ ༡༩༩༤ ལུ་ ཨའི་ཚུ་གི་ཉེན་སྲུང་ལས་རིམ་དེ་འགོ་བཙུགས་བཞིནམ་ལས་མ་གཏོགས་ ཨམ་སྲུའི་གསོ་བའི་འཕྲོད་བསྟེན་དེ་མེདཔ་ཨིན་མས།
དེ་གི་ཤུལ་ལས་ རྒྱལ་ཁབ་ནང་ཨམ་སྲུ་ཚུ་གིས་ ཨམ་སྲུའི་གསོ་བའི་འཕྲོད་བསྟེན་དེ་ གལ་གནད་ཅན་ཨིནམ་སྦེ་ ཧ་གོ་ནི་འགོ་བཙུགས་ ཡོདཔ་ཨིན་མས། དེ་ལས་བརྟེན་ ཨ་ལུ་མངལ་ཤོར་ཤི་རྐྱེན་དང་ ཨམ་སྲུ་ཨ་ལུ་སྐྱེས་བའི་ཤི་རྐྱེན་དེ་ ལེ་ཤ་གི་ར་ མར་ཕརཔ་ འགྱོ་ཡོདཔ་ཨིན་མས། སྤྱི་ལོ་ ༡༩༩༠ ལས་ ༢༠༡༢ གི་བར་ན་ ཨ་ལུ་མངལ་ཤོར་ཤི་རྐྱེན་དེ་ ཨ་ལུ་ ༡༠༠,༠༠༠ སྐྱེས་ས་ལས་ ༢༥༥ ཤི་རྐྱེན་བྱུང་ཡོད་མི་ལས་ ༨༦ གུ་ བབས་ཡོདཔ་ཨིན་མས། དེ་སྦེ་མར་ཕརཔ་འགྱོ་མི་གིས་ རྒྱལ་ཁབ་ནང་ གསོ་བའི་འཕྲོད་བསྟེན་དང་ མི་མང་ཞབས་ཏོག་སྤྲོད་ནིའི་དེ་ ཡར་རྒྱས་འགྱོ་བའི་བརྡ་མཚན་སྟོནམ་ཨིན་མས།
འབྲུག་ལུ་འཛམ་གླུང་སྤྱི་ཚོགས་ཀྱི་གསོ་བའི་མཁས་མཆོག་ ཌོག་ཊར་བློ་བཟང་རྡོ་རྗེ་གིས་སླབ་མིའི་ནང་ ད་ལྟོ་ སྐྱེས་ཚད་མི་ ༡༠༠,༠༠༠ ལུ་ ཤི་རྐྱེན་གྱི་ཚད་དེ་ བརྒྱ་ཆ་ ༨༩ ཨིནམ་ད་ ཨ་ལུ་སྐྱེས་ཚད་ ༡༠༠༠ ལས་ ཤི་རྐྱེན་གྱི་ཚད་དེ་ བརྒྱ་ཆ་ ༡༥་༡ ཨིན་མས། དེ་ལས་ཨ་ལུ་ ལོ་ལྔའི་འོག་རྒྱུའི་ཤི་རྐྱེན་དེ་ སྐྱེས་ཚད་ ༡༠༠༠ ལུ་ བརྒྱ་ཆ་ ༣༤་༡ ཨིན་མས།
གསོ་བའི་མཁས་མཆོག་གིས་འབད་བ་ཅིན་ དུས་རབས་ ༢༡ པའི་ནང་ ཨ་ལུ་སྐྱེ་བའི་སྐབས་ལུ་ ཨམ་སྲུ་ཤི་ནི་དེ་ གསོ་བའི་འཕྲོད་བསྟེན་ ཞབས་ཏོག་ལེགས་ཤོམ་མེདཔ་དང་ གཞུང་གི་འཛིན་སྐྱོང་ལེགས་ཤོམ་མེདཔ་སྟོན་ནིའི་ཨིནམ་ལས་ ངོས་ལེན་འབད་མི་ཚུགས་ནིའི་ གནས་སྟངས་ཅིག་ཨིན་ཟེར་བཤད་ཅི།
འབྲུག་གི་ཨ་ལུ་གསར་སྐྱེས་ལག་བསྟར་འཆར་གཞི་ ༢༠༡༦-༢༠༢༣ གིས་ ཨམ་སྲུ་དང་ ཨ་ལུའི་གསོ་བའི་འཕྲོད་བསྟེན་ཞབས་ཏོག་ ཡར་དྲག་གཏང་ཐབས་ལུ་ ཨམ་སྲུའི་ཉན་སྲུང་དང་ ཨ་ལུའི་འཚོ་ཐབས་ དེ་ལས་ རྒྱལ་ཡོངས་ཨ་ལུའི་གསོ་བའི་ཐབས་བྱུས་དང་ རྒྱལ་ཡོངས་ཨམ་སྲུ་དང་ཨ་ལུ་གསར་སྐྱེས་ཤི་རྐྱེན་གྱི་བསྐྱར་ཞིབ་ ཨམ་སྲུ་དང་ཨ་ལུའི་གསོ་བའི་ལག་དེབ་ཚུ་ བཅུད་བསྡུས་དེ་སྟོན་དོ་ ཨིན་པའི་གནས་ཚུལ།
སངས་རྒྱས་རབ་བརྟན།