རྒྱ་གར་རྒྱལ་ཁབ་ལས་ ཉེ་ཆར་འབྲུག་ལུ་ སྣུམ་འཁོར་བཱསི་ ༣༢ ནང་ ལུང་ཕྱོགས་ཀྱི་ལྟ་བཤལ་པ་ སྦུང་སྟབས་སྦེ་འོང་མི་དེ་ རྒྱལ་རབས་ཅན་ཅིག་སྦེ་ཆགས་ཡོདཔ་ཨིན་མས། དེ་ཡང་ སྤྱི་ཟླ་ ༥ པའི་སྤྱི་ཚེས་ ༢༡ ལུ་ ལྟ་བཤལ་པ་ ༦༠༠ དེམ་ཅིག་འོང་ཡོདཔ་ཨིན་མས། ལྟ་བཤལ་པ་ཚུ་ཡང་ ཕིམ་ཕུག་ལུ་ཡོད་པའི་ལྟ་བཤལ་ལས་སྡེ་འབྲུག་ཡར་ལྡན་ལྟ་བཤལ་དང་ལ་བཤལ་ལས་ བརྒྱུད་དེ་འོང་ཡོདཔ་ཨིན་མས།
ལྟ་བཤལ་པ་སྡེ་ཚན་དེ་ རྒྱ་གར་ལྷོ་ཕྱོགས་ ཅེ་ནའི་མངའ་སྡེ་ལས་ སྤྲོ་གསེང་གི་དོན་ལུ་འོང་ཡོདཔ་ཨིན་མི་ རྒན་རྒས་དེ་ཚུ་ཨིན་མས། ཉིམ་ ༥ གི་རིང་ ལྟ་བཤལ་པ་ཚུ་གིས་ ཕུན་ཚོགས་གླིང་སྒོ་ར་ལས་འཐོན་མ་འགྱོ་བའི་ཧེ་མ་ སྤ་རོ་དང་ སྤུ་ན་ཁ་ ཐིམ་ཕུག་གི་ས་གནས་ཚུ་ནང་ ལྟ་སྐོར་ནང་འགྱོ་ཡོདཔ་ཨིན་མས།
འབྲུག་ཡར་ལྡན་ལྟ་བཤལ་དང་ལ་བཤལ་གྱི་འཛིན་སྐྱོང་སྤྱི་ཁྱབ་ཀརྨ་དབང་འདུས་ཀྱིས་སླབ་མིའི་ནང་ ཁོ་གི་ལྟ་བཤལ་ལས་སྡེ་དེ་འགོ་ཐོག་ལུ་ རྒྱལ་སྤྱིའི་ལྟ་བཤལ་པ་ཚུ་ལུ་གཙོ་བོར་བཏོན་ཡོད་རུང་ འགྲོས་ཀྱིས་སྦེ་ ལུང་ཕྱོགས་ཀྱི་ལྟ་བཤལ་པ་ཚུ་ཡང་བཀུག་ཚུགས་ནི་གིས་དོན་ལུ་ རྒྱ་བསྐྱེད་གཏང་ཡི་ཟེར་ཨིན་མས། འཛིན་སྐྱོང་སྤྱི་ཁྱབ་ཀྱིས་སླབ་མིའི་ནང་ སྤྱི་ལོ་ ༢༠༡༡ འགོ་བཙུགས་ཁམ་ཅིག་ལས་ དམིགས་བསལ་གྱི་ཡོངས་འཐུས་ཚུ་བཟོ་བའི་ཤུལ་ལས་ རྒྱ་གར་གི་ལྟ་བཤལ་པ་ཚུ་གི་ གྱངས་ཁ་དེ་ཡར་སེང་སོང་ཡོདཔ་ཨིནམ་སྦེ་བཤད་ཅི།
ལྟ་བཤལ་པ་སྦུངས་སྡེབ་སྦེ་འོང་མི་ཡང་ རྒྱལ་ཁབ་ནང་ ལྟ་བཤལ་པའི་གྲངས་ཁ་དེ་ མར་ཕརཔ་འགྱོ་བའི་བསྒང་ཡོད་པའི་སྐབས་ཨིན་མས། ཀརྨ་དབང་འདུས་ཀྱིས་སླབ་མིའི་ནང་ སྦུངས་སྡེབ་ལྟ་བཤལ་པ་ལས་ ཉིམ་ ༥ གི་ནང་འཁོད་ནང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ དངུལ་ཀྲམ་ས་ཡ་ ༣ དང་ཕྱེད་ལྷགཔ་ཅིག་ཐོབ་ཅི་ཟེར་ཨིན་མས། དེ་གི་མ་དོ་བར་ ལྟ་བཤལ་པ་རེ་རེ་གིས་ སྤྲོ་འཆམ་གྱི་རྩེདམོ་དང་ གླིང་ག་ནང་འཛུལ་ནི་ནང་ ཉིམ་རེ་ལུ་ དངུལ་ཀྲམ་ ༢,༥༠༠ དེ་རེ་ཟད་འགྲོ་གཏང་མས་ཟེར་ཨིན་མས།
ལྟ་བཤལ་པ་ཚུ་གིས་ ཟ་ཁང་ ༡༥ དང་༡༦ བར་ གང་ཡོདཔ་ད་ ཉིམ་༥ གི་རིང་ལུ་ སྤ་རོ་དང་ ཐིམ་ཕུག་ དེ་ལས་ སྤུ་ན་ཁའི་ཟ་ཁང་སྦྱིན་བདག་ཚུ་གིས་ འོང་འབབ་དངུལ་ཀྲམ་ས་ཡ་ ༡༤ དེམ་ཅིག་བཟོ་ཚུགས་པའི་གནས་ཚུལ།
སངས་རྒྱས་རབ་བརྟན།