འབྲུག་ལུ་ཨམ་སྲུ་འགོ་ཁྲིདཔ་གི་གྱངས་ཁ་ ཡར་སེང་འགྱོ་ཡོདཔ་ད་ མི་སེར་ཚུ་གི་ཡང་ རྒྱབ་སྐྱོར་ཡོདཔ།

འབྲུག་ལུ་ཨམ་སྲུ་འགོ་ཁྲིདཔ་གི་གྱངས་ཁ་ ཡར་སེང་འགྱོ་ཡོདཔ་ད་ མི་སེར་ཚུ་གི་ཡང་ རྒྱབ་སྐྱོར་ཡོདཔ།

འབྲུག་ལུ་ཨམ་སྲུ་འགོ་ཁྲིདཔ་གི་གྱངས་ཁ་ ཡར་སེང་འགྱོ་ཡོདཔ་ད་ མི་སེར་ཚུ་གི་ཡང་ རྒྱབ་སྐྱོར་ཡོདཔ་ཨིན་མས། དེ་ཡང་ རྒཔོ་དང་ དམངས་མི་ རྒེད་འོག་ཚོགས་པ་ ཁྲོམ་དཔོན་དང་ ཁྲོམ་སྡེ་འཐུས་མི་ དེ་ལས་ཁྲོམ་སྡེ་ཚོགས་པ་ཚུ་ ག་ར་རྩིསཝ་ད་ ས་གནས་གཞུང་གི་འགོ་ཁྲིདཔ་ཡོངས་བསྡོམས་ ༡༤༩༣ ཡོད་ས་ ལས་ ཕོ་ ༡༣༠༠ དང་ མོ་ ༡༩༣ དེ་ཅིག་ཡོདཔ་ད་ བརྒྱ་ཆ་གུ་རྩིས་ཕབ་པ་ཅིན་ ས་གནས་གཞུང་ ༣ པའི་སྐབས་ ཨམ་སྲུ་བརྒྱ་ཆ་ ༡༢.༩༣ དེ་ཅིག་གིས་ མི་སྡེ་འགོ་ཁྲིདཔ་གི་གོ་གནས་འཆང་ཡོད་པའི་གནས་ཚད་གུ་ལྷོད་ཡོདཔ་ཨིན་མས།

དེ་ཡང་རྒྱལ་ཁབ་ནང་ རྒཔོ་༢༠༥ ལས་ ཨམ་སྲུ་ ༧ ཨིནམ་ད་ དམངས་མི་༢༠༥ ལས་ ༢༢ ཨམ་སྲུ་ཡོདཔ་ཨིན། འདི་བཟུམ་སྦེ་ རྒེད་འོག་ཚོགས་པ་ ༡༠༤༡ ལས་ ༡༥༢ ཨམ་སྲུ་ཡོདཔ་ད་ རྒཔོ་ཚུ་གི་ཤེས་ཡོན་གྱི་ཐད་དུ་ རྒཔོ་ཡོངས་བསྡོམས་ ༢༠༥ ཡོད་ས་ལས་ མཐོ་རིམ་ཤེས་ཚད་ཀྱི་ལག་ཁྱེར་འཆང་མི་བརྒྱ་དཔྱ་ ༢༧.༣༢ ཡོདཔ་ཨིན། འབྲིང་རིམ་གོང་མ་དང་བར་མའི་ ཤེས་ཡོན་གྱི་ལག་ཁྱེར་འཆང་མི་བརྒྱ་དཔྱ་ ༤༤.༣༩ དེ་ཅིག་ཡོདཔ་ད་ འབྲིང་རིམ་འོག་མའི་ཤེས་ཡོན་དང་ སློབ་གྲྭ་ཆུང་བའི་ ཤེས་ཡོན་གྱི་ ལག་ཁྱེར་འཆང་མི་བརྒྱ་ཆ་ ༡༡.༧༡ དེ་ཅིག་ཡོདཔ་ཨིན་མས། དེ་ལས་ བྲིས་ལྷག་ཤེས་ཡོན་གྱི་ལག་ཁྱེར་འཆང་མི་ བརྒྱ་ཆ་ ༧.༨༠ དེ་ཅིག་ཡོདཔ་ད་ གཞི་རྟེན་ཤེས་ཡོན་ལྷབ་ཡོད་མི་བརྒྱ་ཆ་ ༡༤༧ ཡོད་པ་གི་མ་ཚད་ ནང་པའི་ཤེས་ཡོན་ཡོད་མི་ བརྒྱ་ཆ་ ༧༣༡ དེ་ཅིག་ཡོདཔ་ཨིན་པས།

དེ་ཡང་ སྤ་རོ་རྫོང་ཁག་ ཤར་བཱ་རྒཔོ་སྦེ་ བཙག་འཐུ་གྲུབ་མི་ སྐྱེས་ལོ་ ༤༦ འབད་མི་ སངས་རྒྱས་ལྷམོ་འདི་ གཡུས་ཁའི་ ལམ་བསལ་ཚོགས་པ་སྦེ་ཕྱག་ཞུ་ཡོདཔ་ད་ བཙག་འཐུ་ཐེངས་དང་པའི་ནང་ དམངས་མི་ནང་ལུ་ཨམ་སྲུ་འགོ་དང་པ་སྦེ་འཐོན་ཡོད་རུང་ ཕོ་སྐྱེས་ ༢ དང་འགྲན་བསྡུར་འབད་བའི་སྐབས་ བཙག་འཐུ་གྲུབ་མ་ཚུགས་པས།

ཨིན་རུང་ མོ་གི་རྒྱབ་བཤུད་མ་རྐྱབ་པར་ ཨམ་སྲུ་གི་ས་སྒོ་ཅིག་དགོཔ་འདུག་ཟེར་མནོ་སྟེ་ ཚོགས་པ་ནང་བཅའ་མར་གཏོགས་ཡོདཔ་ད་  ཕོ་སྐྱེས་ ༡ དང་ འགྲན་བསྡུར་འབད་དེ་ བཙག་འཐུ་ཡང་གྲུབ་ཡོདཔ་ཨིན་པས།

སྤྱི་ལོ་ ༢༠༡༦ ནང་ལུ་རྒཔོ་གི་ བཙག་འཐུ་ནང་ བཅར་མར་གཏོགས་ཡོད་རུང་ ཉིནམ་ ༡ དང་ ༢ ཀྱིས་དབང་རླུང་ལས་ མོ་རང་བཙག་འཐུ་གྲུབ་མ་ཚུགས་པས།

དེ་ལས་ བཙག་འཐུ་ཐེངས་ ༣ པ་ནང་ ལོག་སྟེ་རང་ བཅའ་མར་གཏོགས་སྟེ་ རྒཔོ་སྦེ་བཙག་འཐུ་གྲུབ་ཡོདཔ་ད་ མོ་རང་ ད་ལས་ཕར་འབད་རུང་ རྒྱལ་ཁབ་ལུ་ག་དེ་དྲག་དྲ་ཕྱག་ཞུ་མི་ ཨམ་སྲུ་ཚུ་འགོེ་ཁྲིདཔ་སྦེ་བཙའ་མར་གཏོགས་བཅུག་ནི་ལུ་ བརྩོན་ཤུགས་བསྐྱེད་འོང་ཟེར་བཤདཔ་ཨིན་པས།

སྐྱེས་ལོ་ ༤༢ འབད་མི་ ཤེས་རབ་ལྷོམ་འདི་ སྤ་རོ་རྫོང་ཁག་ ཧུང་རལ་རྒཔོ་སྦེ་ བཙག་འཐུ་གྲུབ་ཡོདཔ་ད་ མོ་ར་ འབྲུག་རྒྱལ་སློབ་གྲྭ་གོང་མ་ལས་ སློབ་རིམ་ ༡༢ པ་མཐར་འཁྱོལ་བའི་ཤུལ་ལས་ ས་གནས་གཞུང་ ཐེངས་ ༡ པའི་ནང་ ཚོགས་པ་སྦེ་བཙག་འཐུ་གྲུབ་ཡོདཔ་ཨིན་མས། དེ་ལས་ས་གནས་གཞུང་ ཐེངས་ ༢ པའི་ནང་ དམངས་མི་སྦེ་བཙག་འཐུ་གྲུབ་ཡོདཔ་ཨིན་པས། ད་རུང་ མོ་གིས་ ས་གནས་གཞུང་ཐེངས་ ༣ པའི་ནང་ བཅའ་མར་གཏོགས་ཏེ་ རྒཔོ་སྦེ་བཙག་འཐུ་གྲུབ་ཡོདཔ་ཨིན་པས།

རྒཔོ་ཤེས་རབ་ལྷམོ་གིས་བཤད་མི་ནང་ ང་བཅས་རྒྱལ་ཁབ་ནང་ ཨམ་སྲུ་ཚུ་འགོ་ཁྲིདཔ་སྦེ་བཙའ་མར་གཏོགས་མི་ གནམ་མེད་ས་མེད་ཉུང་སྦེ་ཡོདཔ་ལས་ མོ་བཟུམ་ ༡ དང་ ༢ ཀྱིས་ གདོང་ཁར་མ་འཐོན་པ་ཅིན་ མི་བཏུབ་ནི་མས་མནོ་སྟེ་ ཨམ་སྲུ་གཞན་ཚུ་ཡང་ མོ་ར་བཟུམ་སྦེ་གདོང་ཁར་འཐོན་ནིིའི་ལུ་ སེམས་ཤུགས་བསྐྱེད་བཅུག་ནི་ཨིན་ཟེར་བཤདཔ་ཨིན་པས།

ཨམ་སྲུའི་ཆ་བཞག་དང་ལྕོགས་གྲུབ་ཡར་བསྐྱེད་ལས་སྡེའི་ ལས་རིམ་དང་ཞབས་ཏོག་ལས་ཁུངས་ཀྱི་མདོ་ཆེན་ ཌོག་ཊར་མཱི་ནཀ་ཤི་ རའི་གིས་སླབ་མིའི་ནང་ ཁོང་གི་ལས་སྡེའི་ཁ་ཐུགས་ལས་ ཨམ་སྲུ་ཚུ་རང་འགོ་རང་འདྲོང་དང་ ལྩོགས་གྲུབ་ཅན་བཟོ་ནིའི་ལུ་ གོ་བ་བརྡ་སྤྲོད་དང་སྦྱོང་བརྡར་ཚུ་ ག་དེ་དྲག་དྲ་སྦྱིན་དོ་ཡོདཔ་ཨིན་པས། ཨམ་སྲུ་ཚུ་ དེ་བཟུམ་སྦེ་ སྒྲིང་སྒྲི་དང་ ལྕོགས་གྲུབ་ཅན་སྦེ་འཐོན་འོང་པ་ཅིན་ ས་གནས་གཞུང་མ་ཚད་ འགོ་ཁྲིདཔ་སྦོམ་ ག་ཅི་བཟུམ་ཅིག་རང་ཨིན་རུང་ འབད་ཚུགས་ཟེར་བཤདཔ་ཨིན་པས།

སྐྱེས་ལོ་ ༢༩ ལང་མི་ བསོད་ནམས་ཀྱིས་བཤད་མི་ནང་ མོ་རའི་རྒེད་འོག་ནང་ རྒཔོ་འདི་ཨམ་སྲུ་ཨིནམ་ལས་ མོ་གི་ཕྱག་ལཱ་བཟད་ཐངས་ལུ་ བལྟ་སྟེ་ གནམ་མེད་ས་མེད་ངལ་རངས་མས་ཟེར་ཨིན་པས།

ད་རུང་ སྐྱེ་ལོ་ ༤༩ འབད་མི་ པདྨ་བཀྲིས་ཀྱི་བཤད་མི་ནང་ ད་རེས་ནངས་པ་ ཨམ་སྲུ་འགོ་ཁྲིད་ཀྱི་ གྱངས་ཁ་ཡར་སེང་འགྱོ་དོ་ཡོདཔ་ལས་ དེ་ཚུ་ག་ར་ ཨམ་སྲུ་ཚུ་ལུ་ཡང་ ལྕོགས་གྲུབ་ཅན་ཨིནམ་ལས་བརྟེན་ གཙོ་བོ་རང་གདོེང་ཁར་འཐོན་དགོཔ་དེ་ཁག་ཆེ་བས་ཟེར་ཨིནམ་ད་ ཁོང་མི་སེར་ཚུ་གི་ཁ་ཐུག་ལས་འབད་རུང་ རྒྱབ་སྐྱོར་ཡོད་ཟེར་ཨིན་པས།

ཨམ་སྲུ་ཚུ་ ས་གནས་གཞུང་གི་བཙག་འཐུ་ནང་ བཅའ་མར་གཏོགས་མི་ ལོ་གཅིག་བ་གཅིག་ ཡར་སེང་འགྱོ་དོ་ཡོདཔ་ལས་ ས་གནས་གཞུང་གི་བཙག་འཐུ་ཐེངས་ ༡ པའི་ནང་ ཨམ་སྲུ་རྒཔོ་ ༡ བཙག་འཐུ་གྲུབ་ཡོདཔ་ད་ ཐེངས་ ༢ པའི་ནང་ ཨམ་སྲུ་ ༢ དང་ ཐེངས་ ༣ པའི་ནང་ཁོང་ཨམ་སྲུ་ ༧ གྱི་བཙག་འཐུ་གྲུབ་ཡོད་ཟེར་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱི་ མདོ་ཆེན་ ཕུརཔ་རྡོེ་རྗེ་གིས་བཤད་ཡོདཔ་ཨིན་པའི་གནས་ཚུལ།

གནས་ཚུལ་འདི་ འབྲུག་བརྡ་བརྒྱུདཔ་མཐུན་ཚོགས་ཀྱི་ གྲོང་གསེབ་གནས་ཚུལ་བསྡུ་ལེན་དོན་ལུ་ ཀེ་ན་ཌ་མ་དངུལ་གྱིས་རྒྱབ་སྐྱོར་ཐོག་ལས་ པར་སྐྲུན་འབད་ཡོདཔ་ཨིན།

བདེ་སྐྱིད་ཆོས་སྒྲོན།