འབྲུག་དང་རྒྱ་གར་རྒྱལ་ཁབགཉིས་ཀྱིས་ མཉམ་འབྲེལ་གྱི་ཐོག་ཡར་རྒྱས་གོང་འཕེལ་གྱི་གནས་ཚད་གསརཔ་བཟོ་དོ་ཡོདཔ།

འབྲུག་དང་རྒྱ་གར་རྒྱལ་ཁབགཉིས་ཀྱིས་ མཉམ་འབྲེལ་གྱི་ཐོག་ཡར་རྒྱས་གོང་འཕེལ་གྱི་གནས་ཚད་གསརཔ་བཟོ་དོ་ཡོདཔ།

འབྲུག་དང་རྒྱ་གར་རྒྱལ་ཁབ་གཉིས་ཀྱི་བར་ན་ བློ་གཏད་ཐོག་མཐུན་ལམ་དམ་ཟབ་ཡོདཔ་ཨིན། རྒྱ་གར་གྱི་སྲི་བློན་ན་རན་དར་མོ་དྷི་འབྲུག་རྒྱལ་ཁབ་ནང་ ཉིནམ་གཉིས་ཀྱི་རིང་ གཟིགས་སྐོར་ནང་འོང་བའི་སྐབས་ འབྲུག་དང་རྒྱ་གར་གི་ཕྱི་འབྲེལ་ལྷན་ཁག་གཉིས་ཀྱིས་ མཉམ་འབྲེལ་ཐོག་གནས་ཚུལ་གསར་བཏོན་འབད་མི་ནང་ རྒྱལ་ཁབ་གཉིས་མཐུན་ལམ་ཡང་ ལམ་སྲོལ་དང་ ས་ཆའི་གནས་སྟངས་ཀྱིས་འབྲེལ་བ་བཟོ་དེ་ཡོད་ཟེར་བཀོད་ཡོདཔ་ཨིན་མས། དེ་ལས་ དཔལ་འབྱོར་དང་ དངུལ་དང་འབྲེལ་བའི་མཐུན་འབྲེལ་གྱིས་ གཅིག་འབྲེལ་བཟོ་ཡོད་ཟེར་ཨིན་མས། རྒྱལ་ཁབ་གཉིས་ཀྱི་མི་སེར་གྱི་བར་ནའི་འབྲེལ་བ་འདི་ མཐུན་ལམ་གྱི་གཙོ་བོ་ཅིག་ཨིན་ཟེར་བཀོད་ཡོདཔ་ཨིན་མས། རྒྱ་འབྲུག་གཉིས་ཀྱི་མཐུན་ལམ་འདི་ ཁྱད་དུ་འཕགས་པའི་དཔྱེ་སྟོན་གྱི་མཐུན་ལམ་ཅིག་ཨིན་མས།

རྒྱ་འབྲུག་གཉིས་ཀྱི་ཡིན་རིང་མཐུན་ལམ་ནང་ རྒྱལ་ཁབ་གཉིས་ཀྱི་མཐུན་མོང་གི་ ཆོས་དང་ལམ་སྲོལ་གུ་གཞི་བཞགཔ་མ་ཚད་ འབྲུག་རྒྱལ་ཁབ་ཀྱི་མངོན་གཟིགས་ཅན་གྱི་མི་དབང་རིམ་བྱོན་དང་ རྒྱལ་ཁབ་གཉིས་ཀྱི་ སྲིད་དོན་དབུ་ཁྲིད་ལས་བརྟེན་ཨིན་མས།

མཉམ་འབྲེལ་གྱི་གནས་ཚུལ་གསར་བཏོན་ནང་ རྒྱལ་ཁབ་གཉིས་ཀྱི་ཕན་ཚུན་ཉེན་སྲུང་དང་འཁྲིལ་ཏེ་ མཉམ་འབྲེལ་གྱི་ལཱ་ཚུ་ ངལ་རངས་ཏོག་ཏོ་སྦེ་འགྱོ་དོ་ཟེར་ཨིནམ་ད་ རྒྱལ་ཁབ་གཉིས་ཀྱིས་མཐའ་དོན་ལུ་བལྟ་དེ་ མཉམ་འབྲེལ་འབད་ནི་གིས་ བློ་མཐུན་བྱུང་ཡོདཔ་ཨིན་མས། ཁྱད་འཕགས་ཅན་གྱི་མཐུན་ལམ་སྒོམ་པ་བདུན་དུ་སྤོ་ནིའི་དོན་ལུ་ གཞི་བསྒྱུར་གྱི་མཉམ་འབྲེལ་ འཕྲོ་མཐུད་ནི་ཟེར་ཨིན་མས། དེ་ཡང་ མེ་འཁོར་གྱི་ལམ་དང་ འཁོར་ལམ་ དེ་ལས་ མཁའ་འགྲུལ་ གྲུ་ལམ་ གཞན་ཡང་ས་མཚམས་བདའ་སྟེ་བཀག་ཆ་མེད་པའི་ཚོང་ལམ་གྱི་གཞི་རྟེན་མཁོ་ཆས་ ཡར་རྒྱས་གཏང་ནི་ཚུ་ཨིན་མས།

རྒྱལ་ཁབ་གཉིས་ཀྱི་ནུས་ཤུགས་མཉམ་འབྲེལ་འདི་ ཕྱོགས་གཉིས་ཆ་ར་ལུ་ཕན་པའི་ དཔལ་འབྱོར་གྱི་མཉམ་འབྲེལ་དམ་ཟབ་ཀྱིས་མངོན་གསལ་བྱུང་དེ་ཡོད་ཟེར་ཨིན་མས། རྒྱ་འབྲུག་གཉིས་ཀྱི་བར་ན་ ཆུ་དང་ཉི་དྲོད་ཀྱི་ནུས་ཤུགས་དང་ ཆུ་རླངས་སྔོ་ལྗངས་ཀྱི་ནུས་ཤུགས་ཀྱི་ལཱ་ཚུའི་མཉམ་འབྲེལ་དེ་ རྒྱ་སྐྱེད་གཏང་ནི་ཨིན་མས། དེ་ལས་རྒྱལ་ཁབ་གཉིས་ཆ་རའི་ནུས་ཤུགས་ཀྱི་སྲུང་སྐྱོབ་གོང་འཕེལ་གཏང་ནིའི་དོན་ལུ་ འཕྲུལ་རིག་གི་ནུས་ཤུགས་དང་ ཚོང་འབྲེལ་ཀྱི་ནུས་ཤུགས་ དེ་བཟུམ་སྦེ་ ནུས་ཤུགས་ཐབས་རིགས་མཉམ་འབྲེལ་གྱི་ལཱ་གསརཔ་ཚུ་འགོ་བཙུགས་ནི་ཨིན་མས།

ལྷག་པར་དུ་ རྒྱལ་ཁབ་གཉིས་ཀྱི་བར་ན་ དཔལ་འབྱོར་མཉམ་འབྲེལ་ཡར་དྲག་གཏང་ནི་ཨིན་མི་ མི་དབང་མངའ་བདག་རིན་པོ་ཆེའི་དགོངས་དོན་ལྟར་དུ་ དགེ་ལུགས་ཕུག་དམིགས་བསལ་འཛིན་སྐྱོང་ཁྲོམ་ཚོགས་དང་ སྒེར་སྡེ་གི་ཚོང་ལས་ནང་ མ་རྩ་གཞི་བཙུགས་འབད་ནི་ཨིན་མས།

ཕུགས་ཀྱི་དོན་ལུ་ འབྲུག་རྒྱལ་ཁབ་འདི་སྤྱི་ལོ ༢༠༣༤ ལས་འོང་འབབ་ཆེ་བའི་རྒྱལ་ཁབ་ཅིག་ལུ་འགྱུར་ནིའི་དོན་ལུ་ རིམ་པ་གསརཔ་འགོ་བཙུགས་དོ་ཟེར་ཨིན་མས། རྒྱ་གར་རྒྱལ་ཁབ་འདི་ རྒྱལ་རབ་ནང་ རྒྱལ་སྤྱའི་དཔལ་འབྱོར་དང་ཚན་རིག་ཡར་རྒྱས་མགྱོགས་དྲག་སྦེ་འགྱོ་དོ་ཡོད་པའི་གནས་ཚད་ནང་ལྷོད་ཡོདཔ་ཨིན་མས། ཐུན་མོང་གི་དམིགས་ཡུལ་ཡར་རྒྱས་དང་ ཞི་སྡེ་སྒྲུབ་ནིའི་དོན་ལུ་ འབྲུག་དང་རྒྱ་གར་རྒྱལ་ཁབ་གཉིས་ཆ་ར་གིས་འཕྲོ་མཐུད་དེ་ར་ མཐུན་ལམ་དམ་ཟབ་བཞག་ནི་ཨིན་ཟེར་བའི་གནས་ཚུལ།

སངས་རྒྱས་རབ་བརྟན།