ཚོགས་ཐེངས་ ༡༠ པ་ཚུན་གྱི་ནང་འཁོད་ རྒྱལ་ཡོངས་ཚོགས་འདུ་དང་ སྤྱི་ཚོགས་ཀྱིས་ བཅའ་ཁྲིམས་ ༣༨ དང་ རྒྱལ་སྤྱིའི་མཐུན་གྲོས་ཁག་ ༡༣ དེ་ཅིག་ ཆ་འཇོག་གྲུབ་ཡོདཔ་ཨིན་མས།
རྒྱལ་ཡོངས་ཚོགས་འདུའི་ཚོགས་དཔོན་དབང་ཕྱུག་རྣམ་རྒྱལ་གྱིས་སྤྱི་ཚོགས་མཇུག་བསྡུའི་གསལ་བཤད་ནང་ བཅའ་ཁྲིམས་ གསརཔ་བཞེངས་ནི་ལས་ལྷག་སྟེ་ རྙིངམ་ཚུ་ བདེ་འགྲིག་དང་འཕྲི་སྣོན་འབད་དེ་ ཡོངས་བསྡོམས་ བཅའ་ཁྲིམས་ ༣༨ དང་ རྒྱལ་སྤྱིའི་མཐུན་གྲོས་ཁག་ ༡༣ དེ་ཅིག་ ཆ་འཇོག་གྲུབ་སྟེ་ཡོད་ཟེར་ཨིན་མས། དེ་མ་ཚད་ ཚོགས་ཁང་གི་ སྒྲིག་གཞི་ལམ་ལུགས་དང་འཁྲིལ་ གྲོས་དོན་དང་ དྲི་བཀོད་ཀྱི་མཛད་རིམ་ཚུ་ཡང་ ལས་རིམ་དང་བསྟུན་ཏེ་ར་ འགོ་འདྲེན་འཐབ་ཅི་ཟེར་ཨིན་མས།
དཔྱད་ཡིག་ཡང་ འབྲུག་གི་སྐྱེ་ལྡན་བར་ལམ་དགུ་པའི་དཔྱད་ཡིག་ ༢༠༢༣ ཅན་མ་འདི་ རྒྱལ་ཡོངས་ཚོགས་སྡེའི་ལས་ལོག་རྒྱལ་ཡོངས་ཚོགས་འདུ་གིས་ བསྐྱར་གྲོས་འབད་དེ་ ཆ་འཇོག་གྲུབ་ཡོད་མི་དེ་ བཀའ་འགྲོལ་གྱི་དོན་ལུ་ཕུལ་ཡོདཔ་ཨིན་མས།
དངུལ་རྩིས་བློན་པོ་དང་ གཞི་རྟེན་མཁོས་ཆས་དང་སྐྱེལ་འདྲེན་བློན་པོ་གིས་ ཚོགས་ཐེངས་ ༩ པའི་ གྲོས་ཆོད་ དང་ལེན་གྱི་ གནས་ཚད་སྙན་ཞུ་ཡང་ཕུལ་ཡོདཔ་ཨིན།
གཞུང་སྐྱོང་ལེགས་ལྡན་ཚོགས་ཆུང་གིས་ སྤྱི་ལོ་ ༢༠༢༢-༢༠༢༣ ལོའི་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་ལྟར་སྙན་ཞུ་དེ་གུར་ བསྐྱར་ཞིབ་འབད་དེ་ གསལ་ཞུ་ཕུལཝ་དང་གཅིག་ཁར་ གྲོས་འདེབས་ཁག་ ༥ ཕུལ་མི་དེ་གུར་ ཚོགས་ཁང་གིས་ གྲོས་བསྡུར་གནང་སྟེ་ རྒྱབ་སྣོན་ཆ་སྦྱོར་གནང་ཡོདཔ་ཨིན།
དྲི་བཀོད་ཚོགས་ཞུགས་སྐབས་ འབྲུག་གི་རྒྱལ་ཡོངས་ཚོགས་འདུའི་ བྱ་བའི་གནད་སྤྱོད་དང་འཁྲིལ་ བློན་ཆེན་དང་བློན་པོ་ཚུ་ལུ་ དཔལ་འབྱོར་གནས་སྟངས་དང་ མི་སྡེ་ སྲིད་བྱུས་དང་ གོང་འཕེལ་གྱི་གནད་དོན་དང་འབྲེལ་བའི་ དྲི་བ་ཁག་ལེ་ཤ་ བཀོད་ཡོདཔ་ཨིན་མས།
དམངས་རྩིས་ཚོགས་ཆུང་གིས་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་སྙན་ཞུའི་གུར་ བསྐྱར་ཞིབ་སྙན་ཞུ་འབད་དེ་ སྤྱི་ཚོགས་ལྷན་བཞུགས་ནང་ སྙན་ཞུ་ཚུ་གསལ་ཞུ་ཕུལ་ཡོདཔ་ཨིན་མས། དེ་ཡང་ འཐུང་ཆུ་རིམ་ལུགས་ཀྱི་ ལས་འབྲེལ་རྩིས་ཞིབ་སྙན་ཞུ་དང་གློག་ཐོག་ཉེན་སྲུང་གྲ་སྒྲིག་གི་ ལས་འབྲེལ་རྩིས་ཞིབ་སྙན་ཞུ་ཚོགས་ཆུང་གི་ཁ་ཐུག་ལས་ གྲོས་འདེབས་ཁག་ ༡༢ ཕུལ་མི་ནང་ལས་ གྲོས་འདེབས་ ༧ འདི་ འཐུང་ཆུ་རིམ་ལུགས་དང་ འབྲེལ་བའི་ གྲོས་འདེབས་དང་ དེ་ལས་ གྲོས་འདེབས་ཁག་ལྔ་ འདི་ གློག་ཐོག་ཉེན་སྲུང་གྲ་སྒྲིག་དང་འབྲེལ་བའི་ གྲོས་འདེབས་ ཕུལ་མི་ཚུ་གུར་ ཚོགས་ཁང་གིས་ རྒྱབ་སྣོན་ཆ་སྦྱོར་གནང་ཡོདཔ་ཨིན།
སྤྱི་ཚོགས་ལྷན་བཞུགས་ནང་ འབྲུག་གི་བློན་ཆེན་གྱིས་ རྒྱལ་ཁབ་ཀྱི་ཁྲིམས་བཟོ་དང་ལོ་ལྟར་འཆར་གཞིའི་ཁར་ གཞུང་གི་གཙོ་རིམ་དང་བཅས་པའི་ རྒྱལ་ཁབ་ཀྱི་གནས་སྟངས་སྙན་ཞུ་ཡང་ གསལ་ཞུ་ཕུལ་ཡོདཔ་ཨིན་མས།
ཚོགས་དཔོན་གྱིས་ མངོན་པར་མཐོ་བའི་ཚོགས་ཁང་ཆེན་མོའི་ གསེར་ཁྲི་རྩ་བར་ ཚོགས་ཁང་གི་ བྱ་རིམ་ཚུ་ འཐུས་ཤོར་མེད་པར་ འགོ་འདྲེན་འཐབ་ཚུགས་མི་དེ་ གཙོ་བོ་ར་ མི་དབང་མངའ་བདག་རིན་པོ་ཆེ་ ཡབ་མེས་གཉིས་ཀྱི་ཞབས་ལས་ ཐུགས་བརྩེ་བའི་ཞལ་བཀོད་དང་ བཀའ་སློབ་བཟངམོ་ གནང་མི་ལས་བརྟེན་ཏེ་ཨིན་མི་ལུ་ བསམ་བརྗོད་ལས་འདས་པའི་ བཀའ་ དྲིན་དགའ་ཚོར་ ཕུལཝ་ཡོདཔ་ཨིན།
བློན་ཆེན་གྱིས་ཡང་ སྤྱི་ཚོགས་མཇུག་བསྡུའི་རྟེན་འབྲེལ་ནང་ མི་དབང་བངའ་བདག་རིན་པོ་ཆེ་གིས་ དུས་ནམ་ར་འབད་རུང་ མ་འོངས་རྒྱལ་ཁབ་ཀྱི་དོན་ལུ་ ཚ་གྱང་བཞེས་ཏེ་ ཕྱག་ལཱ་གནང་མི་ལུ་བཀའ་དྲིན་དགའ་ཚོར་ཡོད་ལུགས་ཚུ་ཕུལ་ཡོདཔ་ཨིན།
དེ་བཟུམ་སྦེ་ ལྡོག་ཕྱོགས་འགོ་ཁྲིདཔ་དང་ རྒྱལ་ཡོངས་ཚོགས་སྡེའི་ཁྲི་འཛིན་གྱིས་ཡང་ ནད་ཡམས་ཀྱི་སྐབས་སུ་ འབྲུག་མི་ཚུ་སྲོག་སྐྱབས་བཛད་མི་དང་ ལེགས་སྒྱུར་གྱི་ཕྱག་ལཱ་ ཁྲོམ་ཚོགས་གོང་འཕེལ་ རྒྱལ་སྲུང་ལས་འགུལ་འགོ་བཙུགས་མི་ལུ་ མི་དབང་མངའ་བདག་རིན་པོ་ཆེ་ལུ་ བསམ་གྱི་མི་ཁྱབ་པའི་བཀའ་དྲིན་དགའ་ཚོར་ཚུ་ཕུལ་ཡོདཔ་ཨིན།
འབྲུག་གི་སྤྱི་ཚོགས་གསུམ་པའི་ཚོགས་ཐེངས་བཅུ་པ་འདི་ སྤྱི་ལོ་ ༢༠༢༣ སྤྱི་ཟླ་ ༡༠ པའི་ཚེས་ ༡ ལས་ཚེས་ ༢༠ ཚུན་ ཚོགས་ཡོད་པའི་གནས་ཚུལ།
སངས་རྒྱས་རབ་བརྟན།