འབྲུག་གི་རྒྱལ་ཡོངས་ཚོགས་སྡེ་ནང་ འབྲུག་གི་ཞི་གཡོག་ལེགས་སྒྱུར་དཔྱད་ཡིག་ ༢༠༢༢ ཅན་མ་ གསུང་གྲོས་གནང་ཡོདཔ།

འབྲུག་གི་རྒྱལ་ཡོངས་ཚོགས་སྡེ་ནང་ འབྲུག་གི་ཞི་གཡོག་ལེགས་སྒྱུར་དཔྱད་ཡིག་ ༢༠༢༢ ཅན་མ་གུ་ གསུང་གྲོས་གནང་ཡོདཔ་ཨིན་མས། དཔྱད་ཡིག་གི་གསུང་གྲོས་འདི་ སྤྱི་ཟླ་དེ་ཡི་སྤྱི་ཚེས་༡༧ ལུ་གནང་ཡོདཔ་ཨིན་མས།
དེ་ཡང་ སྤྱི་ཛེས་༡༦ ལུ་ བློན་ཆེན་གིས་ འབྲུག་གི་ཞི་གཡོག་ལེགས་སྒྱུར་དཔྱད་ཡིག་ ༢༠༢༢ ཅན་མ་འདི་ ཚོགས་སྡེ་ནང་ངོ་སྤྲོད་ཕུལ་བའི་རྗེས་སུ་ འཐུས་མི་ཚུ་གིས་ཞུ་བའི་ དྲི་བ་དང་དོགས་སེལ་ཚུ་ འབད་བའི་མཐའ་མར་ དཔྱད་ཡིག་འདི་གུ་ ཁྲིམས་བཟོ་ཚོགས་ཆུང་གིས་ ཁ་སྐོང་གི་བསྐྱར་ཞིབ་དང་ལེགས་བཅོས་འབད་ཡོད་པའི་གྲོས་འདེབས་ཚུ་ ཚོགས་ཁང་ནང་ ཚོགས་ཆུང་གི་ཁྲི་འཛིན་ རྩི་རང་རྫོང་ཁག་གི་ཆེད་བསྟོད་ཅན་གྱི་འཐུས་མི་ དཱན་ཀུ་མར་སུན་ཝར་གྱིས་ གསུང་གྲོས་གནང་ནིའི་དོན་ལུ་ ངོ་སྤྲོད་འབད་ཡོདཔ་ཨིན་མས།
དཔྱད་ཡིག་དེའི་ དོན་ཚན་རེ་རེ་གུར་ གསུང་གྲོས་གནང་པའི་སྐབས་ དོན་ཚན་མང་ཤོས་ཅིག་ ཚོགས་ཆུང་གིས་ཕུལ་བའི་གྲོས་འདེབས་ཚུ་ ཆ་འཇོག་གྲུབ་ཡོད་རུང་ དོན་ཚན་ ༨ པ། ལྷན་ཁག་དང་ དོན་ཚན་ ༣༡ པ། རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་། གི་གནད་དོན་གུ་ འཐུས་མི་མང་ཤོས་ཅིག་གིས་ དོགས་པ་དང་སྟབས་བདེཝ་དང་མ་བདེཝ་ཚུ་བཤད་ཡོདཔ་ཨིན།
དེ་ལུ་ ཚོགས་ཆུང་གི་འཐུས་མི་ཚུ་གིས་ རྒྱབ་ཁུངས་དང་རྒྱུ་མཚན་ཚུ་ ཁ་གསལ་རྐྱབ་ཡོདཔ་ཨིན་རུང་ རྒྱལ་ཁབ་ཀྱི་མདུན་ལམ་ ཡར་རྒྱས་ཀྱི་རྩ་བ་ ཞི་གཡོག་ལེགས་སྒྱུར་གྱི་ལམ་སྟོན་བཟང་པོ་ཅིག་ དཔྱད་ཡིག་འདི་ཨིནམ་ལས་ བདེ་སྒྲིག་དང་ལེགས་བཅོས་ཀྱི་ གོ་སྐབས་ཡོདཔ་ལས་ ཁྲི་འཛིན་གྱིས་ ཚོགས་ཚུང་གི་འགོ་འདྲེན་ཐོག་ ལོག་སྟེ་ར་ བསྐྱར་ཞིབ་འབད་དགོབ་སྦེ་གནང་ཡོདཔ་ཨིན་མས། དེ་ནང་ འབྲེལ་ཡོད་འཐུས་མི་ཚུ་གིས་ཡང་ གྲལ་གཏོགས་མཛད་དེ་ ལོག་མཐའ་དཔྱད་ཀྱི་གསུང་གྲོས་ཀྱི་དོན་ལུ་ བཙུགས་དགོཔ་སྦེ་ བཀའ་གནང་ཡོདཔ་ཨིན་མས།
འབྲུག་གི་ཞི་གཡོག་ལེགས་སྒྱུར་དཔྱད་ཡིག་ ༢༠༢༢ ཅན་མ་ ལེའུ་ ༤ དང་ དོན་ཚན་ ༣༨ ཡོད་མི་འདི་ རྒྱལ་ཡོངས་ཚོགས་འདུ་གིས་ དོན་ཚན་ ༨ དེ་ཅིག་གུ་ འཕྲི་སྣོན་མཛད་ཡོད་མི་འདི་ རྒྱལ་ཡོངས་ཚོགས་སྡེའི་ཁྲིམས་བཟོ་ཚོགས་ཆུང་གིས་ དོན་དང་ཚིག་གི་དག་བཅོས་ དུམ་གྲ་རེ་འབད་ཡོདཔ་དང་ དཔྱད་ཡིག་འདི་ ཚོགས་ཁང་ཕན་ཚུན་ ༢ ཀྱིས་ འཕྲལ་མཁོའི་དཔྱད་ཡིག་སྦེ་ ངོས་ལེན་མཛད་ཡོདཔ་ལས་ རྒྱལ་ཡོངས་ཚོགས་སྡེ་གིས་ ཤུལ་མའི་བཞུགས་རིམ་ཚུ་ནང་ གསུང་གྲོས་འདི་ ཚོགས་ཆུང་གིས་དོན་ཚན་ ༢ གུ་བསྐྱར་ཞིབ་འབད་བཞིནམ་ལས་ ཆ་འཇོག་གྲུབ་ནིའི་ ལས་རིམ་ཡོད་པའི་གནས་ཚུལ།

སངས་རྒྱས་རབ་རབ་བརྟན།