འབྲུག་རྒྱལ་ཉེན་སྲུང་ལས་འཛིན་ཚད་ཀྱི་ ཟ་ཚང་ཅ་ཆས་ཀྱི་ཉེན་བཅོལ་འདི་ མི་མང་ཤོས་ཀྱིས་ར་ ཧ་མ་གོ་བར་ལུས་ཡོདཔ་ཨིན་མས། ཟ་ཚང་ཅ་ཆས་ཀྱི་ཉེན་བཅོལ་ལས་རིམ་ཀྱིས་ མི་མང་གི་རང་སོའི་ཁྱིམ་ནང་གི་ཉེན་བཅོལ་འབད་ཡོད་པའི་ཅ་ཆས་ཚུ་ ཨར་རྐུན་དང་ མེ་རྐྱེན་ དེ་ལས་གློ་བུར་གྱི་རྐྱེན་གྱིས་ མེདཔ་ཤོར་བ་ཅིན་ ཉེན་བཅོལ་གྱི་འཐུས་འཐོབ་ནི་ཨིན་མས། ཟ་ཚང་ཅ་ཆས་ཀྱི་ཉེན་བཅོལ་ལས་རིམ་འདི་ འབྲུག་རྒྱལ་ཉེན་སྲུང་ལས་འཛིན་ཚད་གཞི་ཡོད་པའི་སྒང་ལས་ཡོདཔ་ཨིན་རུང་ ད་ལྟོའི་བར་ན་ཡང་ མི་མང་ཤོས་ཀྱིས་ར་ཧ་མ་གོ་བར་ལུས་ཡོདཔ་ལས་ དར་ཁྱབ་གནམ་མེད་ས་མེད་མ་འགྱོ་བར་ཡོདཔ་ཨིན་མས།
འབྲུག་རྒྱལ་ཉེན་སྲུང་ལས་འཛིན་ཚད་ཀྱི་ ཟ་ཚང་ཅ་ཆས་ཀྱི་ཉེན་བཅོལ་ལས་རིམ་ནང་ མེ་རྐྱེན་དང་ གཞན་ཉེན་ཁ་ཆེ་བའི་རྐྱེན་ ས་ཡོམ་དང་ ཨར་རྐུན་ ཁྱིམ་གནོད་རྐྱེན་དང་ མི་རང་སོའི་འབྱུང་སྲིད་པའི་རྐྱེན་ངན་ལས་ ཅ་ཆས་ཚུ་ཉེན་བཅོལ་འབད་ནི་ཨིན་མས།
ཟ་ཚང་ཅ་ཆས་ཀྱི་ཉེན་བཅོལ་ལས་རིམ་ནང་ དབྱེ་ཁ་གསུམ་སྦེ་ཡོདཔ་ད་ དབྱེ་ཁ་དང་པ་ནང་ མེ་རྐྱེན་དང་གཞན་རྐྱེན་ངན་ནང་ ཉེན་བཅོལ་འབད་མི་མི་ངོམ་གྱིས་དངུལ་ཀྲམ་ ༡༠༠ ༠༠༠ བཙུགས་དགོ་ནི་ཨིན་མས། དབྱེ་ཁ་གཉིས་པ་ནང་ དངུལ་ཀྲམ་ ༢༠༠ ༠༠༠ དང་ གསུམ་པ་ནང་ དངུལ་ཀྲམ་ ༣༠༠ ༠༠༠ ཉེན་བཅོལ་འབད་དགོ་ནི་ཨིན་མས།
དབྱེ་ཁའི་དང་པའི་ཨར་རྐུན་ཉེན་བཅོལ་སྡེ་ཚན་ཀ་པ་ནང་ ཉེན་བཅོལ་འབད་མི་མི་ངོམ་གྱིས་ དངུལ་ཀྲམ་ ༢༥ ༠༠༠ དང་ སྡེ་ཚན་ ཁ་པ་ནང་ དངུལ་ཀྲམ་ ༥༠ ༠༠༠ དང་ སྡེ་ཚན་ག པ་ནང་ དངུལ་ཀྲམ་ ༧༥ ༠༠༠ ཉེན་བཅོལ་འབད་དགོ་ནི་ཨིན་མས། དབྱེ་ཁ་དེ་ནང་ ཁྱིམ་ནང་གི་ཅ་ཆས་གེ་ར་ཉེན་བཅོེལ་འབད་ནི་ཨིན་མས།
རང་སོའི་རྐྱེན་ངན་སྡེ་ཚན་ དབྱེ་ཁ་དང་པ་ནང་ ཉེན་བཅོལ་འབད་མི་མི་ངོམ་གྱིས་ དངུལ་ཀྲམ་ ༥༠ ༠༠༠ དང་ དབྱེ་ཁ་གཉིས་པ་ནང་ དངུལ་ཀྲམ་ ༡༠༠ ༠༠༠ དང་ དབྱེ་ཁ་གསུམ་པ་ནང་ དངུལ་ཀྲམ་ ༡༥༠ ༠༠༠ བཙུགས་དགོ་ནི་ཨིན་མས། ཟ་ཚང་ཅ་ཆས་ཀྱི་ཉེན་བཅོལ་དབྱེ་ཁ་དང་པ་ནང་ ཟ་ཚང་རེ་གིས་ ལོ་རེ་ནང་ དངུལ་ཀྲམ་ ༦༣༥ དང་ དབྱེ་གཉིས་པ་ནང་ དངུལ་ཀྲམ་ ༡ ༢༧༠ དབྱེ་ཁ་གསུམ་པ་ནང་ དངུལ་ཀྲམ་ ༡ ༩༠༥ སྤྲོད་དགོ་ནི་ཨིན་མས།
འབྲུག་རྒྱལ་ཉེན་སྲུང་ལས་འཛིན་ཚད་ཀྱི་ སྤྱི་ཁྱབ་ཉེན་བཅལ་ཡིག་ཚང་གི་སྤྱི་ཁྱབ་འཛིན་སྐྱོང་པ་ ཀུན་དགའ་ཕྲིན་ལས་ཀྱིས་སླབ་མིའི་ནང་ ཟ་ཚང་ཅ་ཆས་ཀྱི་ཉེན་བཅོལ་འདི་ ཧེ་མ་ལས་ཡོདཔ་མ་ཚད་ དེ་ཡི་སྐོར་ལས་ མི་མང་ལུ་གོ་བ་བརྡ་སྤྲོད་འབད་རུང་ མི་སེར་ཚུ་གིས་དང་འདོད་མི་བསྐྱེད་བས་ཟེར་ཨིན་མས།
རྒྱལ་གཞུང་དངུལ་ལས་དབང་འཛིན་ལས་གནང་བ་ལེན་དེ་ འབྲུག་རྒྱལ་ཉེན་སྲུང་ལས་འཛིན་ཚད་ཀྱིས་ མ་འོངས་པ་ནང་ ཆུ་རུད་དང་རླུང་འཚུབ་འབྲེལ་བའི་ཟ་ཚང་ཅ་ཆས་ཀྱི་ཉེན་བཅོལ་ལས་རིམ་ཡང་བཙུགས་ནི་ཨིན་པའི་གནས་ཚུལ།
སངས་རྒྱས་རབ་བརྟན།