ཚོང་ལཱ་ཆུང་བའི་མ་དངུལ་རྒྱབ་སྐྱོར་ལས་ ཚོང་ལཱའི་རེ་འདོད་ཅན་གྱི་ཨམ་སྲུ་ཚུ་ལུ་ ཕན་ཐོགས་ཡོདཔ།

ཨམ་སྲུའི་ཆ་བཞག་དང་ལྩོགས་གྲུབ་ཡར་བསྐྱེད་ལས་སྡེ་གིས་ ཚོང་ལཱ་ཆུང་བའི་མ་དངུལ་རྒྱབ་སྐྱོར་གྱིས་ ཨམ་སྲུ་ཚོང་ལཱ་རྐྱབ་ནིའི་རེ་འདོད་ཅན་ཚུ་ལུ་ ཕན་ཐོགས་བྱུང་ཡོདཔ་ཨིན་མས། དེ་ཡང་ མ་རྩ་མེད་མི་ གྲོང་གསེབ་ཀྱི་ ཚོང་རྐྱབ་ནིའི་བློ་འདོད་ཡོད་མི་ ཨམ་སྲུ་ཚུ་ལུ་ ཨམ་སྲུའི་ཆ་བཞག་དང་ ལྩོགས་གྲུབ་ཡར་བསྐྱེད་ལས་སྡེ་གིས་ ཚོང་ལཱ་ཆུང་བའི་མ་དངུལ་རྒྱབ་སྐྱོར་ཐོག་ གཏའ་མ་ག་ནི་ཡང་ བཙུགས་མ་དགོ་པར་ སྐྱིན་འགྲུལ་ལེན་བཞིནམ་ལས་ རང་སོའི་ཚོང་ལཱ་ཚུ་ རྐྱབ་ཚུགས་དེ་ཡོདཔ་ཨིན་མས།

ཨམ་སྲུའི་ཆ་བཞག་དང་ལྩོགས་གྲུབ་ཡར་བསྐྱེད་ལས་སྡེ་གིས་ ཚོང་ལཱ་ཆུང་བའི་མ་དངུལ་རྒྱབ་སྐྱོར་ཐོག་ ཚོང་ལཱ་རྐྱབ་ཚུགས་མི་གཅིག་འདི་ རྩི་རང་ལས་ ཨིན་མི་ ཇསི་མ་ཡ་རའི་འདི་ཨིན་མས།

ཇསི་མ་ཡ་རའི་འདི་མོ་ར་ སྤྱི་ལོ་ ༢༠༡༦ ལུ་ སློབ་རིམ་ ༡༠ པ་མཐར་འཁྱོལ་བཞིནམ་ལས་ རྩི་རང་ལུ་སྦེ་ ཚོང་ཁང་གཅིག་ནང་ ཚོང་གི་ལས་གཡོགཔ་སྦེ་ སྡོད་ཡོདཔ་ཨིན་མས། མོ་གིས་ ཟླཝ་རེ་ དངུལ་ཕོགས་དངུལ་ཀྲམ་ ༣༥༠༠ རེ་ཐོབ་དེ་ ཨ་པ་གྱོངས་བའི་ཤུལ་ལས་ མོ་རའི་ཨའི་མོ་རྐྱང་འབད་མི་ལུ་ འཚོ་བ་ སྐྱོང་ནི་དང་ སྤུན་ཆ་ཚུ་ལུ་ ཆ་རོགས་འབད་ཡོདཔ་ཨིན་མས།

མོ་གིས་ ཚོང་གི་ལས་གཡོགཔ་སྦེ་ ལཱ་འབད་དེ་ མོ་རའི་ཨའི་ལུ་ ཆ་རོགས་འབད་ཡོད་རུང་ ཟླ་རིམ་དངུལ་ཕོགས་འདི་གིས་ སྤུན་ཆ་ཚུ་གི་ སློབ་གྲྭའི་འཐུས་ བཏབ་ནི་ཅིག་ཡང་ མ་ལངས་འདི་ཤེས་ཡོདཔ་ཨིན་མས།

ཨིན་རུང་ཤུལ་ལས་ སྟབས་ལེགས་མི་གཅིག་དེ་ ཇསི་མ་ཡ་རིའི་གིས་ ཨམ་སྲུའི་ཆ་བཞག་དང་ལྩོགས་གྲུབ་ཡར་བསྐྱེད་ལས་སྡེ་ལས་ མ་དངུལ་རྒྱབ་སྐྱོར་ ལེན་བཞིནམ་ལས་བྱུང་ཡོདཔ་ཨིན་མས། ཨམ་སྲུའི་ཆ་བཞག་དང་ལྩོགས་གྲུབ་ཡར་བསྐྱེད་ལས་སྡེ་ལས་ ཡིག་ཆ་དག་པ་ཅིག་མ་གཏོགས་ མོ་གིས་ འཐུས་དང་ ཡང་ན་ གཏའ་མ་མེད་པའི་ སྐྱིན་འགྲུལ་ལེན་བཞིནམ་ལས་ ཚོད་བསྲེ་གི་ཚོང་ལཱ་ཅིག་ འགོ་བཙུགས་ཚུགསཔ་ཡོདཔ་ཨིན་མས།

ཨམ་སྲུའི་ཆ་བཞག་དང་ལྩོགས་གྲུབ་ཡར་བསྐྱེད་ལས་སྡེ་གིས་ གཏའ་མ་མེད་པའི་མ་དངུལ་སྐྱིན་འགྲུལ་འདི་ ཇསི་མ་ཡ་རའི་རྐྱངམ་གཅིག་ལུ་མེན་པར་ ཕོ་མོའི་ ཉེ་རིང་མ་ཕྱེ་བར་ མི་མང་རབས་ཅིག་ལུ་བྱིན་དེ་ ཚོང་ལཱ་འབད་ནིའི་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་མས། ལོ་ལྟར་སྙན་ཞུ་ལྟར་དུ་འབད་བ་ཅིན་ ལས་སྡེ་གིས་ འདས་པའི་ལོ་ངོ་ ༩ གི་ནང་འཁོད་ལུ་ སྐྱིན་འགྲུལ་ ༡༨༦༤༦ དེམ་ཅིག་ནང་ མ་དངུལ་ དངུལ་ཀྲམ་ཐེར་འབུམ་ ༡༠ དེ་ཅིག་ སྤྲོད་ཡོདཔ་ཨིན་མས།

ཨམ་སྲུའི་ཆ་བཞག་དང་ལྩོགས་གྲུབ་ཡར་བསྐྱེད་ལས་སྡེ་ལས་ ཚོང་ལཱ་ཆུང་བའི་མ་དངུལ་རྒྱབ་སྐྱོར་སྡེ་ཚན་གི་ ཡིག་ཚང་ལས་བྱེདཔ་ ཚེ་རིང་སྒྲོལ་དཀར་གྱིས་ སླབ་མིའི་ནང་ ལས་སྡེ་གི་དམིགས་ཡུལ་གཙོ་བོ་རང་ གཏའ་མ་བཙུགས་དགོ་པའི་ ཚོང་ལཱ་ཆེ་བའི་དངུལ་ཁང་གིས་ བཀོ་བཞག་མི་ མཐའ་ཟུར་གཡུས་ཚན་ གྱི་མི་སེར་ཚུ་ལུ་ རྒྱབ་སྐྱོར་འབད་ནི་དེ་ཨིན་ཟེར་བཤདཔ་ཨིན་མས།

མོ་གིས་འབད་བ་ཅིན་ གྲོང་གསེབ་ཀྱི་མི་སེར་མངམ་གྱིས་ར་ ཚོང་རྐྱབ་ནིའི་རེ་འདོད་ཡོད་རུང་ སྐྱིན་འགྲུལ་ལེན་པའི་སྐབས་སུ་ གཏའ་མ་བཞག་དགོ་ནི་ དེ་གིས་ གཏའ་མ་བཙུགས་མ་ཚུགསཔ་ལས་ ཚོང་རྐྱབ་མི་ཚུགས་པས་ཟེར་ཨིན་མས།

ཨམ་སྲུའི་ཆ་བཞག་དང་ལྩོགས་གྲུབ་ཡར་བསྐྱེད་ལས་སྡེ་གི་ ཚོང་ལཱ་ཆུང་བའི་མ་དངུལ་རྒྱབ་སྐྱོར་སྡེ་ཚན་ལས་ སྐྱིན་འགྲུལ་ལེན་པའི་སྐབས་སུ་ གཏའ་མ་བཞག་དགོ་པའི་རྒྱུ་མཚན་འདི་ ཚེ་རིང་སྒྲོལ་དཀར་གྱིས་སླབ་མིའི་ནང་ སྐྱིན་འགྲུལ་ལེན་པའི་སྐབས་སུ་ སྡེ་ཚན་ནང་མི་ངོམ་ ༥ དགོཔ་ལས་ མི་ངོམ་ ༡ གིས་ སྐྱིན་འགྲུལ་ལེན་པ་ཅིན་ མི་ངོམ་ ༤ གིས་ འགན་ལེན་མི་སྦེ་སྡོད་ཚུགས་ནིའི་ཨིན་མས། ཨིན་རུང་ མི་ངོམ་གཅིག་གིས་ སྐྱིན་འགྲུལ་བཏབ་ མ་ཚུགས་པ་ཅིན་ མི་ངོམ་གཞན་མི་ཚུ་གིས་བཏབ་དགོ་ནི་ཨིན་མས།

དོ་རུང་དེ་གི་མ་དོ་བར་ ཨམ་སྲུའི་ཆ་བཞག་དང་ལྩོགས་གྲུབ་ཡར་བསྐྱེད་ལས་སྡེ་ཡིག་ཚང་ལས་ ཞབས་ཏོག་སྤྲོད་ནི་དང་ ལྟ་རྟོག་འབད་བར་ གཡུས་ཁ་ལས་ཕར་ ལས་བྱེདཔ་ཚུ་ གཏང་དོ་ཡོདཔ་ཨིན་མས།

ཨམ་སྲུའི་ཆ་བཞག་དང་ལྩོགས་གྲུབ་ཡར་བསྐྱེད་ལས་སྡེ་ལས་ ཚོང་ལཱ་ཆུང་བའི་མ་དངུལ་རྒྱབ་སྐྱོར་སྡེ་ཚན་ནང་ སྐྱིན་འགྲུལ་གྱི་དབྱེ་ཁ་ཡང་ སྤྱིར་གཏང་གི་ སྐྱིན་འགྲུལ་དང་ སོ་ནམ་འཕྲུལ་ཆས་ དེ་ལས་གྲོང་གསེབ་གོང་འཕེལ་གཏང་ནི་གིས་ སྐྱིན་འགྲུལ་ཚུ་ཡོདཔ་ཨིན་མས། སྐྱིན་འགྲུལ་གྱི་ཚད་གཞི་ཡང་ དངུལ་ཀྲམ་ ས་ཡ་ ༠་༥ ལས་ ༥ ཚུན་ཚོད་ཡོདཔ་ཨིནམ་ད་ སྐྱེད་བརྒྱ་ཆ་ ༢༤ དེ་རེ་ ལེན་དོ་ཡོདཔ་ཨིན་མས།

ལས་སྡེ་གིས་ གློ་བུར་ཉེན་འཚུབ་ཀྱི་སྐྱིན་འགྲུལ་དང་ ནད་དོན་སྣ་མང་གི་ སྐྱིན་འགྲུལ་ཡང་སྤྲོད་དོ་ཡོདཔ་ཨིན་མས། ད་ལྟོའི་བར་ན་ ཚོང་ལཱ་ཆུང་བའི་ མ་དངུལ་རྒྱབ་སྐྱོར་གྱི་ ཞབས་ཏོག་འདི་ རྫོང་ཁག་ ༡༡ ནང་ལྷོད་ཡོདཔ་ད་ མ་འོངས་པ་ནང་ ས་ཁོངས་གཞན་མི་ནང་ལས་ཕར་ཡང་ སྤྲོད་ནི་གིས་ འཆར་གཞི་ཡོད་པའི་གནས་ཚུལ།

སྐད་སྒྱུར༌པ:སངས་རྒྱས་རབ་བརྟན།