ཚེས་༡༠ལུ་ཁྲུས་བབས་བརྩི་སྲུང་འབད་ནི་ཨིནམ།

འབྲུག་ལུ་ སྔར་སྲོལ་འབུལ་བའི་ལམ་ལུགས་ལེ་ཤ་ཡོད་པའི་གྲལ་ལས་ གཅིག་འདི་ ཁྲུས་བབས་ཨིན་མས། རང་ལུགས་གནམ་ལོ་ཆུ་མོ་ཡོས་ལོའི་ཁྲུས་བབས་འདི་ རང་ཟླ་ ༧ པའི་ཚེས་ ༡༠ ལུ་ ཕོག་དོ་ཡོདཔ་ཨིན།

ཁྲུས་བབས་ སྐོར་ལས་བཤད་སྲོལ་ལེ་ཤ་ཡོད་རུང་ ལོ་རྒྱུས་ལས་ སྐར་མ་རི་ཁི་ཟེར་མི་འདི་ ལོ་གཅིག་ནང་ གླིང་བཞི་སྐོར་བའི་སྐབས་ ཚར་གཅིག་ དུས་ཡུན་ཐུང་ཀུ་ཅིག་གི་རིང་ལུ་ ལྷོ་ཕྱོགས་ཀྱི་མཚོ་ནང་བཞུགས་མི་སངས་རྒྱས་ཀྱི་དབུའི་ཐད་ཕྲང་སྟེ་ལྷོད་ནི་ཡོདཔ་ཨིན་མས། དེའི་གནས་སྐབས་ལུ་ སངས་རྒྱས་ཀྱི་དབུ་ལས་བདུད་རྩི་བབས་ཏེ་ འཛམ་བུ་གླིང་གི་ཆུ་ཀླུང་ཚུ་ བདུད་རྩི་ལུ་འགྱུར་དོ་ཡོདཔ་ཨིན་མས།

ཁྲུས་བབས་འདི་ འབྲུག་ལུ་ གལ་ཅན་གྱི་ལམ་སྲོལ་གིས་དུས་སྟོན་ཅིག་ཨིན། ཁྲུས་བབས་ཀྱི་ཉིནམ་ལུ་ ཡིག་ཚང་དང་ལས་སྡེ་ དེ་ལས་སློབ་གྲྭ་ཚུ་ག་ར་ ངལ་གསོ་སྦེ་བཞགཔ་ཨིན། ཁྲུས་བབས་ཀྱི་ཉིམ་འདི་ རང་གི་ལམ་སྲོལ་བདག་འཛིན་འབད་ནི་དང་ ལྷ་ཆོས་སྐྱོང་སྲུང་མ་ལུ་ དད་པ་དང་མོས་གུས་བསྐྱེད་ནིའི་ཉིནམ་ཁག་ཆེ་ཤོས་ཅིག་ཨིནམ་སྦེ་ཆ་བཞགཔ་ཨིན་མས།

ཁྲུས་བབས་ཀྱི་སྐབས་ལུ་ ང་བཅས་ཀྱིས་གཟུགས་འཁྱུ་ཚུགས་པ་ཅིན་ རང་གི་ལུས་ལུ་ཡོད་པའི་ལས་སྒྲིབ་ཚུ་ག་ར་འདག་ནི་དང་ ནད་གདོན་བར་ཆད་ མ་རིག་པའི་གནད་དོན་ཚུ་ འདག་ནི་ཨིན། ཁྲུས་བབས་ཀྱི་ཉིནམ་ལུ་ རྩིསཔ་ཚུ་གིས་ ཁྲུས་བབས་པའི་དུས་ཚོད་ཁ་གསལ་འབད་དེ་ འཇིག་རྟེན་པ་་ཚུ་ལུ་ སྨོན་ལམ་ལེགས་ཤོམ་བཏབ་སྟེ་ གཟུགས་འཁྱུ་བ་ཅིན་ ཕན་ཡོན་ཡོད་པའི་སྐོར་ཡང་ བཤད་དོ་ཡོདཔ་ཨིན་མས། དེ་ལས་ ཧོད་ཅིག་ནང་ལུ་ ཆུ་ཨ་ཙི་ཅིག་བཀང་ཞིནམ་ལས་ དྲི་བཟང་དང་ག་བུར། མེ་ཏོག་ལྷམ་པ་མ་འདྲཝ་ཚུ་བླུགས་ཏེ་ ཕྱི་ཁར་ས་གཙང་ས་ཅིག་ནང་ ནུབ་མོ་སྐར་མའི་འོག་ལུ་བཞག་པ་ཅིན་ གནམ་ཁ་ལས་བབས་པའི་བདུད་རྩི་འདི་ ཆུའི་ཧོད་ནང་བབས་ཡོདཔ་ལས་ ཁྲུས་ཆུ་ཨིན་སྦེ་བརྩི་སྟེ་ གཟུགས་འཁྱུ་དོ་ཡོདཔ་ཨིན་མས།

ཉིནམ་འདི་ཁར་ ཕམ་དང་སྤུན་ཆ་ ཁྱིམ་ཚང་གཉེན་ཉེཝ་ཚུ་ ག་ར་འཛོམས་ཏེ་  མི་ཚེ་འདི་ནང་ རྐྱེན་བར་ཆད་ཚུ་ག་ནི་ཡང་མེད་པར་ བཟའ་འཐུང་ལོངས་སྤྱོད་ཕུན་སུམ་ཚོགས་ཏོག་ཏོ་འོང་ནིའི་དོན་ལུ་ དྲོ་པ་ཧ་སག་ལོངས་ཞིནམ་ལས་ གཟུགས་འཁྱུ། དེ་ལས་གོ་ལ་གསརཔ་ཚུ་གྱོན་ཏེ་ དྲོ་པ་གི་ཐུགཔ་ལས་འགོ་བཙུགས་ཏེ་ བཞེས་སྒོ་ལྷམ་པ་མ་འདྲཝ་ཚུ་བཟོ་ མཛར་ཅུམ་གྱི་དགའ་སྤྲོ་སྟོནམ་ཨིན་མས། དེ་ལས་ ཕོ་སྐྱེས་ཚུ་གིས་ ཁྲུས་བབས་ཀྱི་ཉིནམ་འདི་ལུ་ མདའ་དང་ཁུ་རུ་ལ་སོགས་པའི་རྩེདམོ་ཚུ་བརྩེ་བའི་སྐབས་ ཨམ་སྲུ་ཚུ་གིས་ རྩེདམོ་རྩེ་ས་ལུ་ ཞབས་ཁྲ་རྐྱབ་ ཇ་ཆང་ཚུ་འཐུངམ་ཨིན་མས། གཡུས་སྒོ་ལ་ལུ་ཅིག་ནང་ ཕྱི་རུ་ནུབམོ་གཅིག་ ཁྱིམ་ལས་ཁྱིམ་བརྒྱུད་དེ་ བཞེས་སྒོ་དང་ཇ་ཆང་ལུ་ལོངས་སྤྱད་དེ་ ཞབས་ཁྲ་ཚུ་རྐྱབ་སྲོལ་ཡང་ཡོདཔ་ཨིན་མས།