མི་སེར་དམངས་གཙོའི་ཚོགས་པ་གིས་ འདེམས་ཁྲི་༣༠ རྒྱལ་ཁ་ཐོབ་སྟེ་ གཞུང་འཛིན་ཚོགས་པ་སྦེ་ བཙག་འཐུ་གྲུབ་ཡོདཔ།

མི་སེར་དམངས་གཙོའི་ཚོགས་པ་གིས་ འདེམས་ཁྲི་མང་ཤོས་ འདེམས་ ཁྲི་༣༠ རྒྱལ་ཁ་ཐོབ་ཡོདཔ་ལས་ གཞུང་འཛིན་ཚོགས་པ་སྦེ་བཙག་འཐུ་གྲུབ་ཡོདཔ་ཨིན། འབྲུག་གི་བཙག་འཐུ་ལྷན་ཚོགས་དང་འཁྲིལ་བ་ཅིན་ སྤྱི་ཚོགས་བཞི་པའི་ རྒྱལ་ཡོངས་ཚོགས་འདུའི་ སྤྱིར་བཏང་བཙག་འཐུ་དེ་ཡང་ སྤྱི་ཚེས་ ༠༩.༠༡.༢༠༢༤ ལུ་ རྫོང་ཁག་ཉི་ཤུའི་འདེམས་ཁོངས་༤༧ གྱི་ནང་ལུ་ མཐར་འཁྱོལ་ཅན་སྦེ་ འགོ་འདྲེན་འཐབ་ཚུགས་ཏེ་ཡོད་ཟེར་ཨིན་མས།

དཔལ་ལྡན་འབྲུག་པའི་རྩ་ཁྲིམས་ཆེན་མོའི་ རྩ་ཚན་༡༥ པའི་རྩ་དོན་༨ པ་དང་འཁྲིལ་ སྤྱི་ལོ་༢༠༢༣-༢༠༢༤ སྤྱི་ཚོགས་བཞི་ པའི་ རྒྱལ་ཡོངས་ཚོགས་འདུའི་བཙག་འཐུ་ནང་ མི་སེར་དམངས་གཙོའི་ཚོགས་པ་གིས་ འདེམས་ཁྲི་མང་ཤོས་ རྒྱལ་ཁ་འཐོབ་ཡོདཔ་ལས་ གཞུང་འཛིན་ཚོགས་པ་སྦེ་ བཙག་འཐུ་གྲུབ་ཡོདཔ་ད་ བྷུ་ཊཱན་རྟེན་འབྲེལ་ཚོགས་པ་ གིས་ འདེམས་ཁྲི་༡༧ རྒྱལ་ཁ་ཐོབ་ཡོདཔ་ལས་ ལྡོག་ཕྱོགས་ཚོགས་པ་སྦེ་ བཙག་འཐུ་གྲུབ་ཡོདཔ་ཨིན།

འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ འབྲུག་གི་བཙག་འཐུའི་བཅའ་ཁྲིམས་༢༠༠༨ ཅན་མའི་དོན་ཚན་༤༤༣ ཅན་མའི་ དགོངས་དོན་དང་འཁྲིལ་ སྤྱི་ཚོགས་བཞི་པའི་ རྒྱལ་ཡོངས་ཚོགས་འདུའི་བཙག་འཐུ་༢༠༢༣-༢༠༢༤ འི་ སྤྱིར་བཏང་བཙག་འཐུའི་གྲུབ་འབྲས་ གསལ་བསྒྲགས་འབད་མི་ནང་  རང་སོའི་སྤྱི་ཚོགས་ཀྱི་འདེམས་ཁོངས་ནང་ལས་ ཚོགས་རྒྱན་མཐོ་ཤོས་འཐོབ་སྟེ་ རྒྱལ་ཡོངས་ ཚོགས་འདུའི་འདེམས་ཁོངས་ནང་ལས་ བཙག་འཐུ་གྲུབ་པའི་ འདེམས་ངོ་ཚུ་གསལ་བསྒྲགས་འབད་ཡོདཔ་ཨིན།

ཚོགས་རྒྱན་སྐྱུར་ཡོད་པའི་གྲངས་འབོར་འདི་ བརྒྱ་དཔྱ་ ༦༥.༦% ཨིནམ་ད་ ཁྱད་ཚད་ལྡན་པའི་ ཐོ་བཀོད་གྲུབ་པའི་ ཚོགས་རྒྱན་སྐྱུར་མི་ཡོངས་བསྡོམས་༤,༩༨,༡༣༥ ཡོད་མི་ལས་ མི་ངོམ་༣,༢༦,༧༧༥ གིས་ཚོགས་རྒྱན་སྐྱུར་ཡོདཔ་ཨིན་མས།  དེའི་ནང་ལས་ཡང་ མི་ངོམ་༢,༡༨,༢༧༣ གྱིས་མི་ངོ་བོ་སྦེ་འགྱོ་སྟེ་ ཚོགས་རྒྱན་ས་ཁོངས་༨༠༩ ནང་ཚོགས་རྒྱན་འཕྲུལ་ཆས་ཐོག་ལས་སྐྱུར་ཡོདཔ་ད་ མི་ངོམ་༡,༠༨,༥༠༢ ཀྱིས་འགྲེམས་ཐོག་རྒྱན་ཤོག་ཐོག་ལས་ དམིགས་བསལ་གྱི་ ཚོགས་རྒྱན་སྐྱུར་ནིའི་ཐབས་ལམ་ཐོག་ལས་ ཚོགས་རྒྱན་སྐྱུར་ཏེ་ཡོད། འགྲེམས་ཐོག་ཚོགས་རྒྱན་ཡང་རྒྱལ་ཁབ་ནང་འཁོད་དང་ཕྱི་རྒྱལ་ཁབ་གཉིས་ཆ་རའི་ནང་བཙུགས་ཡོདཔ་ཨིན་མས། མཐའ་དཔྱད་ཀྱི་གྲུབ་འབྲས་ཀྱི་ ཁ་གསལ་ཚུ་ བཙག་འཐུ་ལྷན་ཚོགས་ཀྱི་ ཡོངས་འབྲེལ་འཆར་སྒོ་ལས་འཐོབ་ཚུགས་ནི་ཨིན་མས།

འགོ་ཐོག་བཙག་འཐུ་དང་ སྤྱིར་བཏང་བཙག་འཐུ་ ༢༠༢༣-༢༠༢༤ ནང་ བཅའ་མར་གཏོགས་མི་ སྲིད་དོན་ཚོགས་པ་གཉིས་དང་ འདེམས་ངོ་ཆ་མཉམ་གྱིས་ རང་སོའི་བཙག་འཐུའི་ཟད་གྲོན་སྙན་ཞུ་འདི་ སྤྱིར་བཏང་བཙག་འཐུའི་ གཞུང་འབྲེལ་གྱི་ གྲུབ་འབྲས་གསལ་བསྒྲགས་འབད་བའི་ཉིནམ་ལས་ ཉིན་གྲངས་སུམ་ཅུའི་ནང་འཁོད་ དེ་ཡང་ སྤྱི་ཚེས་༠༨-༠༢-༢༠༢༤ འི་ ནང་འཁོད་ འབྲེལ་ཡོད་རྫོང་ཁག་བཙག་འཐུ་ཡིག་ཚང་ ཡང་ན་ ཐད་ཀར་ བཙག་འཐུ་ལྷན་ཚོགས་ཀྱི་ཡིག་ཚང་ལྟེ་བའི་ མི་དམངས་བཙག་འཐུའི་མ་དངུལ་སྡེ་ཚན་ལུ་ ཆེད་དམིགས་བཀོད་པའི་འབྲི་ཤོག་ (མི་དམངས་བཙག་འཐུའི་མ་དངུལ་འབྲི་ཤོག་ ཨང་ ༩ཀ (སྤྱིར་བཏང་བཙག་འཐུ)) པའི་ཐོག་ ཕུལ་དགོ་ནི་ཨིན་མས།  འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་གསལ་བསྒྲགས་འབད་མི་ནང་ མི་མང་དང་ འབྲེལ་ཡོད་ཆ་མཉམ་གྱིས་ བཙག་འཐུའི་བཤེར་ཡིག་ཕུལ་ནིའི་ ཉིན་གྲངས་བཅུ་ཐམ་གྱི་དུས་ཡུན་ སྤྱི་ཚེས་༡༠-༠༡-༢༠༢༤ ལས་འགོ་བཟུང་ སྤྱི་ཚེས་༢༤-༠༡-༢༠༢༤ འི་ ཕྱི་རུའི་ཆུ་ཚོད་༥.༠༠ ལུ་ མཇུག་བསྡུ་ནི་ཨིན་པའི་དྲན་གསོ་འབད་དོ་ཡོདཔ་ཨིན་པའི་གནས་ཚུལ།

སངས་རྒྱས་རབ་བརྟན།