Bumthang Dzongkhag Tshogdue deliberates on long-overdue land tax

བུམ་ཐང་རྫོང་ཁག་ཚོགས་འདུ་གིས་ སྤྲོད་ཆད་ཕོག་པའི་ས་ཁྲལ་སྐོར་གྲོས་བསྡུར་འབད་ཡོདཔ།

བུམ་ཐང་རྫོང་ཁག་ཁྲོམ་གྱིས་ མི་སེར་ཚུ་གིས་ ཁྲོམ་གི་མཐུན་རྐྱེན་མེདཔ་ལས་ ལོ་ངོ་བཞི་ལྷགཔ་ཅིག་གི་རིང་ སའི་ཁྲལ་མ་བཏབ་པར་ཡོདཔ་ཨིན་མས། ལྕམ་མཁར་དང་ བདེ་སྐྱིད་གླིང་ དེ་ལས་ ཇ་ལི་མཁར་གྱིས་ མི་སེར་ཚུ་གིས་ ཁྲོམ་ནང་འོང་དགོ་པའི་མཐུན་རྐྱེན་མེད་རུང་ ས་ཁྲལ་གྱི་གོང་ཚད་དེ་ ཁྲོམ་གྱི་གོང་ཚད་ནང་བཀལ་ཡོདཔ་ལས་ བཏབ་མ་བཏུབ་པར་ཡོདཔ་ཨིན་མས།

གནད་དོན་དེ་གི་སྐོར་ལས་ དཀའ་རྙོག་བསལ་ནིའི་དོན་ལུ་ ཉེ་ཆར་ བུམ་ཐང་རྫོང་ཁག་ཚོགས་འདུ་གིས་གྲོས་བསྡུར་འབད་མིའི་ནང་ ཁྲོམ་འོག་ལུ་ཚུད་ཡོད་པའི་ ༢༠༡༨ ལས་ ༢༠༢༢ ཚུན་ཚོད་ ཁྲལ་མ་བཏབ་པར་ལུས་ཡོད་མི་ སའི་ཇོ་བདག་ཚུ་གིས་ སྤྱི་ཟླ་ ༣ པའི་སྤྱི་ཚེས་ ༣༡ ཚུན་ གྲོང་གསེབ་ཀྱི་ཁྲལ་སྦེ་བཏབ་དགོ་ནི་ཨིན་མས། དེ་ཡི་ཤུལ་ལས་ མི་སེར་ཚུ་གིས་ བསྐྱར་བཟོ་འབད་ཡོད་པའི་ཁྲལ་གྱི་ གོང་ཚད་གུ་ བཏབ་དགོ་ནི་ཨིན་མས།

བུམ་ཐང་རྫོང་ཁག་ཁྲོམ་གི་འཐུས་མི་གིས་སླབ་མིའི་ནང་ ཁྲོམ་ས་དེ་ལོ་ངོ་བཞི་གི་ཧེ་མ་སྤྱི་ཐོག་སྤུང་ཡོད་རུང་ མི་སེར་ཚུ་གིས་ས་ཁྲལ་བཏབ་ མ་བཏུབ་མི་དེ་རྒྱུ་མཚན་དེ་ ཁྲོམ་སའི་མཐུན་རྐྱེན་ཚུ་མ་འཐོབ་ལས་བརྟེན་ཏེ་ཨིན་ཟེར་བཤད་ཅི། དོ་རུང་འཐུས་མི་གིས་སླབ་མིའི་ནང་ གཞུང་གི་ཁ་ཐུག་ལས་ ལམ་སྟོན་གསལ་ཏོག་ཏོ་ཅིག་ག་ནི་ཡང་མ་འཐོབ་ཟེར་ཨིན་མས། རྫོང་ཁག་ནང་ ལྕམ་མཁར་དང་ བདེ་སྐྱིད་གླིང་ ཇ་ལི་མཁར་ཁྲོམ་ས་གསུམ་དེ་ཅིག་ཡོད་རུང་ ཆ་རྐྱེན་ག་ནི་ཡང་མེད་པར་ ཁྲོམ་གྱི་མིང་ཙམ་ཨིན་ཟེར་བཤད་ཅི། ཁྲོམ་ས་སྦེ་ བརྒྱ་ཆ་ ༢༨ དེམ་ཅིག་འབག་ཡོད་རུང་ ད་ལྟོའི་བར་ན་ཡང་ མཐུན་རྐྱེན་མ་འཐོབ་པར་ཡོདཔ་ཨིན་མས།

ས་གནས་ཁྲོམ་གྱི་འཆར་གཞི་དང་འཁྲིལ་བ་ཅིན་ ལྕམ་མཁར་ཁྲོམ་གྱི་ས་གནས་གོང་ཚད་དེ་ ས་ཆ་ཌི་སི་མལ་རེ་ལུ་ དངུལ་ཀྲམ་ ༡,༤༡,༠༠༠ རེ་དང་ བདེ་སྐྱིད་གླིང་དང་ཇ་ལི་མཁར་གྱི་ས་གནས་གོང་ཚད་དེ་ ཌི་སི་མལ་རེ་ལུ་ དངུལ་ཀྲམ་ ༡,༠༨,༠༠༠ རེ་ཨིན་མས།

ཁྲོམ་གྱི་འཐུས་མི་གིས་སླབ་མིའི་ནང་ མི་སེར་ཚུ་ལུ་ ས་ཁྲལ་ནམ་བཏབ་དགོ་ནི་ཨིན་ནའི་སྐོར་ གཞུང་འབྲེལ་གྱི་བཀའ་རྒྱ་དང་ལམ་སྟོན་ ག་ནི་ཡང་མེདཔ་ལས་  མགུ་འཐོམ་དེ་ ཁྲལ་མ་བཏབ་པར་ལུས་ཡི་ཟེར་ཨིན་མས།

ཁྲོམ་སའི་ཁྲལ་བཏབ་ཡོད་མི་ཚུ་དེ་ ས་ཆ་ཌི་སི་མལ་ ༡༣ དང ༡༥ དེ་རེ་ རང་རང་སོ་སོ་གིས་ཉོ་མི་ཚུ་ཨིན་མས། ཨིན་རུང་འཐུས་མི་གིས་སླབ་མིའི་ནང་ ཞུང་ལས་ལམ་སྟོན་ག་ནི་ཡང་མེདཔ་ལས་བརྟེན་ དཀའ་རྙོག་སྦེ་ར་ལུས་སོང་ཡི་ཟེར་ཨིན་མས། དེ་ཡི་སྐོར་ལས་ རྫོང་ཁག་ཚོགས་འདུས་ནང་ སྤྱི་ཟླ་༣ པའི་ སྤྱི་ཚེས་ ༣༡ ཚུན་ གྲོང་གསེབ་ཀྱི་ས་ཁྲལ་སྦེ་བཏབ་དགོཔ་སྦེ་ བཀོད་རྒྱ་ལྷོད་བཞིནམ་ལས་མ་གཏོགས་ ཧེ་མ་གསལ་ཏོག་ཏོ་ཅིག་མེདཔ་ཨིན་མས། དེ་ཡང་ གཞུང་དང་མི་སེར་གཉིས་ཆ་རའི་ ཁེ་ཕན་གྱི་དོན་ལུ་ གྲོས་བསྟུན་དེ་སྦེ་བྱུང་ཡོདཔ་ཨིན་མས།

ང་བཅས་འབྲུག་ཚོང་འབྲེལ་གནས་ཚུལ་གསར་ཤོག་ལས་ཁང་གིས་ཤེས་རྟོགས་བྱུང་མིའི་ནང་ སའི་ཇོ་བདག་ཚུ་གིས་ ཁྲོམ་སའི་ས་ཁྲལ་བཏབ་ནིའི་ལུ་ སེམས་དང་མ་ལྡནམ་མ་ཚད་ ཁྲོམ་ས་གསརཔ་ནང་ སྤོ་སོར་འབད་ནིའི་ལུ་ཡང་ བློ་འདོད་མེདཔ་ཨིན་མས། དེ་ཡང་ཁྲོམ་ས་ནང་ མཐུན་རྐྱེན་མེདཔ་ལས་ཨིན་མས།

ཨིན་རུང་ རྫོང་ཁག་ཡིག་ཚང་ལས་བྱེདཔ་ཅིག་གིས་སླབ་མིའི་ནང་ ཁྲོམ་ས་གསརཔ་ནང་ མཐུན་རྐྱེན་བརྒྱ་ཆ་ ༨༠ དེམ་ཅིག་བསྒྲུབས་དེ་ཡོད་ཟེར་ཨིན་མས། ཁྲོམ་ས་ནང་ སྣུམ་འཁོར་ལམ་དང་ འཐུང་ཆུ་ གློག་མེ་ཚུ་འཐོན་ཡོད་རུང་ མི་ཚུ་གིས་ ཁང་གླ་སྡོད་མི་ མི་འཐོན་འོང་ཟེར་བའི་ཚ་གྱང་ལང་དོ་ཨིན་མས། སྐབས་ཅིག་གི་དོན་ལུ་ ལྕམ་མཁར་གྱི་ཁྲོམ་གླ་ཁར་གཏང་ཡོད་མི་དེ་ དུས་ཅི་ སྤྱི་ཟླ་ ༨ པའི་རྫོགས་ནི་ཨིན་པའི་གནས་ཚུལ།

ལྕམ་མཁར་ལས་ ཁྲོམ་ས་ནང་ཚུད་ཡོད་མི་ སའི་སྦྱིན་བདག་ ཚེ་རིང་སྒྲོལ་དཀར་གྱིས་སླབ་མིའི་ནང་ ཁྲལ་མ་བཏབ་པར་ ལོ་ངོ་དག་པ་ཅིག་ སོང་ཡོདཔ་ད་ ཁྲོམ་སའི་ས་ཁྲལ་བཏབ་པ་ཅིན་ མངམ་ཕོགཔ་ལས་ ཁེ་རྒུད་མི་བཏུབ་ནི་མས་ ཟེར་བཤད་ཅི། 

དོ་རུང་སའི་སྦྱིན་བདག་གཞན་མི་ཅིག་གིས་སླབ་མིའི་ནང་ ཁྲལ་བཏབ་དགོ་པའི་སྐོར་གསལ་ཏོག་ཏོ་ཅིག་སྦེ་ག་ནི་ཡང་ ཧ་མ་གོ་བར་ སྡོདཔ་ལས་ ཁྲལ་བཏབ་ནི་དེ་ཕར་འགྱང་འབད་དེ་ལུས་སོང་ཡི་ཟེར་ཨིན་མས།

ཁྲོམ་སའི་ སའི་ཇོ་བདག་མངམ་གྱིས་ར་ ཁྲལ་སྐོར་ལེགས་ཤོམ་སྦེ་ཧ་མ་གོ་བར་ཡོདཔ་མ་ཚད་ ཁྲལ་ཡང་མངམ་སྦེ་ཕོག་ནི་བཟུམ་མཐོངམ་ལས་ འབྲེལ་ཡོད་ཡིག་ཚང་ནང་ ཁྲལ་ཕབ་ཆའི་སྐོར་ བཅར་ནིའི་ཨིན་པའི་གནས་ཚུལ།

སངས་རྒྱས་རབ་བརྟན།