བར་མཚམས་རྒེད་འོག་ནང་ གུང་སྟོང་གི་དཀའ་ངལ་ཡར་སེང་འགྱོ་དོ་ཡོདཔ།

བར་མཚམས་རྒེད་འོག་ནང་ གུང་སྟོང་གི་དཀའ་ངལ་ཡར་སེང་འགྱོ་དོ་ཡོདཔ།

བཀྲིས་སྒང་རྫོང་ཁག་ བར་མཚམས་རྒེད་འོག་ནང་ ལོ་ལྟར་བཞིན་དུ་ གུང་སྟོང་ཐོན་པའི་དཀའ་ངལ་མང་སུ་འགྱོ་དོ་ཨིན་མས། རྒེད་འོག་ནང་ སྤྱི་འོག་ ༥ ཡོདཔ་དང་ བསྡོམས་ཀྱི་གུང་གྲངས་ ༥༢༢ དང་ མི་རློབས་ ༣,༨༩༠ ལྷགཔ་ཅིག་ཡོདཔ་ཨིན་པས། 

རྒེད་འོག་ནང་ མི་སེར་ཚུ་གནས་སྤོ་འགྱོ་མི་ལུ་བརྟེན་ གུང་སྟོང་གི་དཀའ་ངལ་ མཐོ་ཤོས་ཅིག་ལུ་གྱུར་ཡོདཔ་ཨིན་པས། ད་ལྟོ་ གྱངས་ཁ་ལས་འབད་བ་ཅིན་ རྒེད་འོག་འདི་ནང་ གུང་སྟོང་བསྡོམས་ཀྱི་ ༡༣༣ ལྷགཔ་ཅིག་ཐོན་ཡོདཔ་ཨིན་པས།

རྒེད་འོག་དེ་ནང་ གུང་སྟོང་གི་དཀའ་ངལ་ཡང་ ལོ་རེ་བཞིན་དུ་ཡར་སེར་འགྱོ་སྟེ་ཡོད་ཟེར་ བར་མཚམས་རྒེད་འོག་གི་རྒཔོ་ སྐལ་བཟང་ཟླ་བ་གིས་བཤད་ཡོདཔ་དང་ དེ་གི་མ་དོ་བར་ མི་རློབས་མར་འབབ་འགྱོ་བའི་དཀའ་ངལ་ཡང་ཡོད་ཟེར་ བཤད་དོ་ཡོདཔ་ཨིན་པས། མི་རློབས་མར་འབབ་མི་དང་ གུང་སྟོང་གི་དཀའ་ངལ་འདི་ མི་སེར་ཚུ་ ས་ཕྱོགས་གཞན་ཁར་གནས་སྤོ་འགྱོ་ནི་དང་ ན་གཞོན་ཚུ་ཤེས་ཡོན་སྦྱང་སྟེ་ རྫོང་ཁག་གཞན་ཚུ་ནང་ལཱ་གཡོག་འཐོབ་སྟེ་ གནས་ཆགས་ཏེ་སྡོདཔ་མ་ཚད་ ཁོང་རའི་ཕམ་རྒན་རྒས་ཚུ་ཡང་ ཚ་བོ་ཚ་མོ་ལྟ་བར་འཁྱིད་དེ་ ལོག་གཡུས་ཁར་མ་ལྷོདཔ་ལས་བརྟེན་ཏེ་ ཐོན་མས་ཟེར་བཤད་ཅི།

དུས་ཧེ་མ་འབད་བ་ཅིན་ བཟའ་ཚང་ནང་ ཨ་ལུ་ ༧ ལས་ཡར་བཅས་སྐྱེ་དོ་ཡོདཔ་དང་ ད་རིས་ཀྱི་གནས་སྟངས་ལུ་བལྟ་བ་ཅིན་ མཐོ་ཤོས་ར་ ཨ་ལུ་ ༢ དེ་ཅིག་ལས་བརྒལ་སྐྱེ་ནི་མེདཔ་ལས་ དེ་ཚུ་ག་ར་ དཔེ་ཆ་ལྷབ་སྟེ་ གཞན་ཁར་གནས་ཆགས་ནི་དང་ ཕྱི་རྒྱལ་ལུ་འགྱོ་བའི་ཤུལ་ལས་  མི་རློབས་མར་འབབ་འགྱོཝ་མ་ཚད་ གཡུས་ཁར་གུང་སྟོང་གི་དཀའ་ངལ་ཡང་འཐོན་ཏེ་ཡོད་ཟེར་ རྒཔོ་གིས་བཤད་ཡོདཔ་ཨིན་པས། དེ་སྦེ་གུང་སྟོང་ཐོན་མི་ཡང་ ད་ལྟོའི་དུས་ལུ་ འཚོ་བའི་གནས་སྟངས་འདི་ལཱ་ཁག་ཡོདཔ་ལས་ མངམ་གྱིས་ར་ གཉེན་རྐྱབ་ནི་ལུ་སྤྲོ་བ་མི་བསྐྱེད་དོ་ཨིནམ་ད་ གཉེན་རྐྱབ་རུང་ཨ་ལུ་སྐྱེ་ནི་ལུ་ དང་འདོད་མ་བསྐྱེཝ་ལས་ མི་རློབས་མར་ཕབ་འགྱོ་དེ་ གུང་སྟོང་འཐོན་དོ་འོང་ཟེར་བའི་བསམ་འཆར་ཡང་བཀོདཔ་ཨིན་མས།

གུང་སྟོང་ཐོན་མི་ལུ་བརྟེན་ཏེ་ རི་དྭགས་སེམས་ཅན་ཚུ་ འཁྱམས་སྡོད་སའི་ ས་ཁོངས་ཅིག་ལུ་ གྱུར་ཡོདཔ་ལས་ ལོ་ཐོག་ཚུ་ལུ་ གནོདཔ་བཀལ་བའི་དཀལ་ངལ་འཐོན་དོ་ཨིན་པས། གུང་སྟོང་ལས་བརྟེན་ གཡུས་སྒོ་ནང་ འཛོམས་འདུ་ཚུ་ འབད་བའི་སྐབས་ལུ་ཡང་ མི་ཚུ་ཉུང་སུ་དང་ འཛོམས་འདུ་མང་རབས་ཚོགས་དགོཔ་འཐོདམ་ད་ མི་འབོར་ཉུང་བའི་ཁྱིམ་གུང་ཚུ་ལུ་ དཀའ་ངལ་དང་ གདོང་ལེན་ལེ་ཤ་ཅིག་འབྱུང་དོ་ཡོད་ཟེར་བར་མཚམས་རྒཔོ་གིས་བཤདཔ་ཨིན་མས།

རྒཔོ་གིས་བཤད་མི་ན་ གཡུས་ཁར་ལུ་ཞལ་འདེབས་དང་ གཞན་ཁག་ཆེ་བའི་མི་སེར་ཚུ་དང་འབྲེལ་བ་ཡོད་མི་ རིམ་གྲོ་ གསོལ་མཆོད་ལ་སོགས་པ་ཚུ་གི་དོན་ལུ་ གཡུས་ཁར་སྡོད་མི་ཚུ་ལས་མ་དངུལ་བསྡུ་བའི་སྐབས་ལུ་ཡང་ གུང་སྟོང་མངམ་སྦེ་ཡོདཔ་ལས་ གཡུས་ཁར་སྡོད་མི་ཚུ་ལས་མང་ཤོས་ཅིག་སྦེ་བསྡུ་དགོ་པའི་དཀའ་ངལ་ཚུ་འཕྲད་དོ་ཡོདཔ་ཨིན་པས།

རྒཔོ་ སྐལ་བཟང་ཟླ་བ་གིས་བཤད་མི་ནང་ སྤྱི་ལོ་ ༢༠༡༦ ལས་འགོ་བཙུགས་ཏེ་ གུང་སྟོང་གི་དཀའ་ངལ་བསལ་ཐབས་ལུ་ གཞུང་གི་ཁ་ཐུག་ལས་ རྒྱབ་སྐྱོར་གནང་བའི་ཤུལ་ལས་ མི་སེར་ཚུ་ལུ་ ཁག་ཆེ་ཤོས་ར་ སོ་ནམ་ཞིང་ལམ་དང་ ཉེན་སྲུང་དང་ལྡན་པའི་འཐུང་ཆུ་དང་ཞིང་ཆུ་ དེ་ལས་སོ་ནམ་གྱི་མཐུན་རྐྱེན་ཚུ་ཡང་འཐོབ་ཚུགསཔ་བཟོ་ཡོད་ཟེར་ཨིན་པས། སོ་ནམ་པ་ཚུ་གི་དོན་ལུ་ རི་དྭགས་སེམས་ཅན་ཚུ་ལས་ བསྲུང་ཐབས་ལུ་ གློག་རྒྱུན་གྱི་རཝ་ཚུ་ཡང་བྱིན་ཏེ་ ཐབས་ལམ་སྟོན་རུང་ རྒེད་འོག་འདི་ནང་ གུང་སྟོང་གི་དཀའ་ངལ་བསལ་མ་ཚུགས་པར་ཡོད་ཟེར་བཤད་ཡོདཔ་ཨིན་པས།

རྒཔོ་གི་བཤད་མི་ནང་ གྲོང་གསེབ་དང་ ཁྲོམ་ཚོགས་ཟེར་ ཁྱད་པར་ཕྱེ་ནི་མེན་པར་ གྲོང་གསེབ་ཚུ་ནང་ཡང་ ཁྲོམ་བཟུམ་སྦེ་ བཟོ་གྲྭ་ཁང་ དང་ལས་འགུལ་ཚུ་བཙུགས་པ་ཅིན་ གཡུས་ཚུ་ནང་གུང་སྟོང་གི་དཀའ་ངལ་ཚུ་ བསལ་ནི་ལུ་ ཕན་ཐོགས་འབྱུང་ནི་ཨིན་པས་ཟེར་བཤད་དོ་ཡོད་པའི་གནས་ཚུལ།

སྒྲོལ་མ་ཡེ་ཤེས།

ཞུན་དག-སངས་རྒྱས་རབ་བརྟན།

གནས་ཚུལ་དེ་ འབྲུག་ལུ་འཛམ་གླིང་སྤྱི་ཚོགས་གོང་འཕེལ་ལས་རིམ་ལས་ རྒྱལ་སྤྱིའི་རང་བཞིན་གནས་སྟངས་ཀྱི་མཐུན་རྐྱེན་དང་ འབྲུག་ལུ་ ལྟ་བཤལ་ལས་ཁུངས་ཀྱི་ སྐྱེ་ལྡན་ལྟ་བཤལ་ལས་རིམ་ དེ་ལས་འབྲུག་བརྡ་བརྒྱུད་མཐུན་ཚོགས་ཀྱིས་ རྒྱབ་སྐྱོར་ཐོག་ལས་པར་སྐྲུན་འབདཝ་ཨིན།