བཙག་འཐུའི་རིམ་པ་ཚུ་ ཚུལ་མཐུན་དང་དྲང་བདེན་སྦེ་འགྱོ་ནིའི་དོན་ལུ་ མི་མང་ག་ར་གི་འགན་ཁུར་ཨིན་མས། དེའི་དོན་ལུ་ བཙག་འཐུ་ལྷན་ཚོགས་ཀྱིས་ སྤྱི་ལོ་ ༢༠༢༣-༢༤ གི་སྤྱི་ཚོགས་བཞི་པའི་བཙག་འཐུའི་དོན་ལུ་ ཁག་ཆེ་བའི་གྲ་སྒྲིག་འབད་དོ་ཡོདཔ་ཨིན་མས། ད་ལྟོ་ལས་ར་ མི་སྡེ་བརྡ་བརྒྱུད་ནང་ལས་ཕར་ བཙག་འཐུ་དང་འབྲེལ་བའི་བྱ་ངན་གྱི་རྙོག་བཤད་ཀྱི་ལོ་རྒྱུས་གོ་དོ་ཡོདཔ་ལས་ ལྷན་ཚོགས་ཀྱིས་ བྱ་ངན་འབད་ཡོད་པའི་ སྒྲུབ་བྱེད་ཁུངས་ལྡན་ཡོད་པ་ཅིན་ བཙག་འཐུ་ཡིག་ཚང་ནང་ སྙན་ཞུ་འབད་དགོ་པའི་ནན་སྐུལ་འབད་དོ་ཨིན་མས།
བཙག་འཐུ་ལྷན་ཚོགས་ཀྱིས་ སྤྱི་ཟླ་ ༨ པའི་ སྤྱི་ཚེས་ ༥ ལུ་ བཙག་འཐུའི་གྲ་སྒྲིག་འབད་བའི་སྒང་ཨིན་རུང་ བཙག་འཐུ་དང་འབྲེལ་བའི་བྱ་ངན་གྱི་རྙོག་བཤད་གོཝ་མས་ཟེར་ མི་མང་ལུ་གསལ་བསྒྲགས་འབད་ཡོདཔ་ཨིན་མས།
དེ་ལུ་བཙག་འཐུ་ལྷན་ཚོགས་ཀྱི་གསལ་བསྒྲགས་ནང་བཀོད་མི་ནང་ འབྲུག་པའི་མི་སྡེ་ཆུང་ཀུ་ནང་ བདེན་ཁུངས་མེད་པའི་རྙོག་བཤད་བཀོད་པ་ཅིན་ མི་དཀར་ལུ་ཞཱ་ནག་སྤུབས་ཟེར་ སྐུར་འདེབས་ཀྱིས་ སྟབས་མ་བདེཝ་འཐོན་འོང་ཟེར་ཨིན་མས། ཨིན་རུང་གསལ་བསྒྲགས་ནང་བཀོད་དོ་བཟུམ་འབད་བ་ཅིན་ མི་མང་ག་ཨིན་རུང་ བཙག་འཐུ་དང་འབྲེལ་བའི་ཁྲིམས་འགལ་གྱི་བྱ་ངན་གྱི་ བདེན་རྟགས་ཡོད་པ་ཅིན་ གདོང་ཁར་འོང་སྟེ་ སྙན་ཞུ་འབད་དགོ་ཟེར་ ནན་སྐུལ་འབད་དོ་ཨིན་མས།
ཁྲིམས་འགལ་གྱི་རྙོག་བཤད་སྙན་ཞུ་འབད་ནིའི་དོན་ལུ་ བཙག་འཐུའི་རྩོད་རྙོག་མཐུན་སྒྲིག་བཅའ་ཡིག་དང་སྒྲིག་གཞི་ ༢༠༡༨ ཅན་མའི་བཙག་འཐུའི་རྩོད་རྙོག་གི་བཀང་ཤོག་ཡོངས་འབྲེལ་འཆར་སྒོ་ནང་ཡོད་མི་འདི་ བཀང་སྟེ་སྙན་ཞུ་འབད་དགོཔ་ཨིན་མས། སྙན་ཞུ་འདི་ བཙག་འཐུའི་འབད་བའི་དུས་ཚོད་དང་ དུས་མིན་གཉིས་ཆ་ར་ནང་ འབད་ཆོག་ནི་ཨིནམ་ད་ བཙག་འཐུའི་དུས་ནང་འབད་བ་ཅིན་ རྙོག་བཤད་དེ་ བཙག་འཐུ་ལྷན་ཚོགས་དང་ ཡང་ན་ རྫོང་ཁག་བཙག་འཐུ་ཡིག་ཚང་ནང་ འབད་ཆོག་ནི་ཨིན་མས།
སྲིད་ཚོགས་ཚུ་གིས་ གོམས་འདྲིས་ལྟ་སྐོར་དང་ མི་མང་གྲོས་སྟོན་ལས་རིམ་ལས་འགལ་ཏེ་ སྐུལ་བསྒྲགས་འབདཝ་མས་ཟེར་ མི་སྡེ་བརྡ་བརྒྱུད་ནང་ལས་ཕར་ འཐོར་གཏམ་ཚུ་དར་ཁྱབ་འགྱོ་དོ་ཡོདཔ་ཨིན་མས།
སྲིད་ཚོགས་ཚུ་ལུ་ བཙག་འཐུ་ལྷན་ཚོགས་ཀྱིས་ སྤྱི་ཟླ་ ༨ པའི་ སྤྱི་ཚེས་ ༩ ལུ་བརྡ་སྐུལ་ཡི་གུ་གཏང་མིའི་ནང་ མི་སྡེ་བརྡ་བརྒྱུད་དང་ མི་མང་འཛོམས་ས་ལས་ཕར་ སྲིད་དོན་ཚོགས་པ་ཡོངས་ཀྱིས་ གོམས་འདྲིས་ལྟ་སྐོར་དང་ གྲོས་སྟོན་ཞལ་འཛོམས་ཀྱི་སྐབས་ བཙག་འཐུའི་ཁྲིམས་ལས་འགལ་བའི་ ལས་སྣ་དང་བསྐུལ་བསྒྲགས་ཚུ་འབད་དོ་ཡོད་པའི་ལོ་རྒྱུས་ཚུ་ དར་ཁྱབ་འགྱོ་ས་ ལེ་ཤ་ཅིག་ར་གོ་ནི་འདུག་ཟེར་བཀོད་དེ་འདུག
བརྡ་སྐུལ་ཡི་གུ་ནང་བཀོད་དོ་བཟུམ་འབད་བ་ཅིན་ གྲོས་སྟོན་ཞལ་འཛོམས་ཚོགས་པའི་སྐབས་སུ་ ཚོགས་པའི་སྲིད་འཛིན་དང་ ཡང་ན་ སྲིད་འཛིན་འོགམ་དང་ འབྲེལ་ཡོད་རྫོང་ཁག་གི་འདེམས་ཁོངས་ལས་ གདམ་འཐུ་འབད་དེ་ཡོད་པའི་ འདེམས་ངོ་ཚུ་འཁྱིད་དེ་རྫོང་ཁག་ཚུ་ནང་འགྱོ་ཆོགཔ་དང་ ཐོ་བཀོད་གྲུབ་པའི་སྲིད་དོན་ཚོགས་པ་གསརཔ་ཚུ་འབད་བ་ཅིན་ གོམས་འདྲིས་ལྟ་སྐོར་ནང་འགྱོ་པའི་སྐབས་ འབྲེལ་ཡོད་འདེམས་ངོ་ ཡང་ན་ འགོ་འདྲེན་པ་ཚུ་ འགྱོ་ཆོགཔ་མ་གཏོགས་འདེམས་ཁོངས་གཞན་གྱི་འདེམས་ངོ་ ཡང་ན་ འགོ་འདྲེན་པ་ཚུ་གིས་ རང་སོའི་འདེམས་ཁོངས་མེན་པའི་ས་སྒོ་ནང་ འགྱོ་མ་ཆོག་པའི་སྐོར་ཡོངས་ཁྱབ་དྲུང་ཆེན་ཚུ་ལུ་ དྲན་གསོ་འབད་ཡི་ཟེར་ཨིན་མས། ཨིན་རུང་ འདེམས་ངོ་ལ་ལུ་གཅིག་གིས་ ཚོགས་པའི་སྲིད་འཛིན་དང་ སྲིད་འཛིན་འོག་མ་གཅིག་ཁར་ གནང་བ་མེད་པར་འདེམས་ཁོངས་གཞན་ནང་ཡང་ལྟ་སྐོར་ནང་འགྱོཝ་མས་ཟེར་བའི་སྙན་ཞུ་ལྷོད་ཅི་ཟེར་བཀོད་ཡོདཔ་ཨིན་མས།
ལྷན་ཚོགས་ཀྱིས་བཀོད་མི་ནང་ གལ་སྲིད་ སྒྲུབ་བྱེད་དང་བཅས་ རྙོག་བཤད་བཀོད་མི་འཐོན་པ་ཅིན་ ལྷན་ཚོགས་ཀྱི་ཁ་ཐུག་ལས་ བཙག་འཐུའི་འགོ་འདྲེན་བཅའ་ཡིག་ ༢༠༢༢ ཅན་མའི་དགོངས་དོན་དང་འཁྲིལ་ ཉེས་བྱ་དང་ཉེས་ཆད་ཚུ་ ཡངས་ཆག་མེད་པར་བཀལ་ནི་ཨིན་ཟེར་ཉེན་སྐུལ་འབད་ཡོདཔ་ཨིན་མས།
བཙག་འཐུ་འདི་ རང་མོས་རྣམ་དག་དང་ ལྷག་བསམ་རྣམ་དག་སྦེ་འགྱོ་ནིའི་དོན་ལུ་ སྲིད་ཚོགས་དང་ འདེམས་ངོ་ དེ་ལས་ཚོགས་རྒྱན་བཙུགས་མི་ཚུ་གིས་ བཙག་འཐུའི་ཁྲིམས་ལུགས་ལུ་གནས་དགོ་ཟེར་བའི་ དྲན་གསོ་འབད་ཡོད་པའི་གནས་ཚུལ།
སངས་རྒྱས་རབ་བརྟན།