འབྲུག་རྒྱལ་ཁབ་དང་ བང་ལ་དེཤ་གི་གཞུང་གི་བར་ན་ བརྒྱུད་འབྲེལ་སྐྱེལ་འདྲེན་འགྲོ་འགྲུལ་གྱི་གན་རྒྱའི་རྒྱལ་ཡོངས་ཀྱི་འཐའ་དོན་དབྱེ་དཔྱེད་དེ་གནམ་བྱཱའི་ སྤྱི་ཚོགས་ ༣ པའི་ཚོགས་ཐོངས་ ༩ པ་ནང་ འབད་ནི་ཨིན་མས། འབྲུག་རྒྱལ་ཁབ་དང་ བང་ལ་དེཤ་གི་བར་ན་བརྒྱུད་འགྲུལ་གྱི་དོན་ལུ་ གན་རྒྱ་འགོ་དང་པ་ སྤྱི་ལོ་ ༡༩༨༠ ཟླཝ ༩ ཚེས་ ༨ ལུ་བཟོ་ནུག གན་རྒྱ་དེ་ཆ་གནས་ཀྱི་དུས་ཡུན་ལོ་ངོ་བཅུ་ཐམ་གྱི་དོན་ལུ་ བཟོ་ཡོདཔ་དང་ དོ་རུང་ལོ་ངོ་བཅུ་ཐམ་འཕྲོ་མཐུད་དེ་རང་ཆ་གནས་ཐོག་སྤྱོད་བཏུབ་པའི་དགོངས་དོན་བཀོད་དེ་འདུག བརྒྱུད་འགྲུལ་གན་རྒྱ་དེ་ སྤྱི་ལོ་ ༢༠༠༠ ཟླ་ ༩ པའི་ཚེས་ ༧ ལུ་ དུས་ཡུན་རྫོགས་ཞིནམ་ལས་ཚུར་ འབྲུག་རྒྱལ་གཞུང་གི་ ཧོངས་ལས་ བང་ལ་དེཤ་གཞུང་ལུ་ གན་རྒྱ་དེ་བསྐྱར་གསོ་འབད་དགོ་པའི་སྐོར་ལས་ གྲོས་འཆར་ཡང་ལས་ཡང་ བཀོད་ཡོདཔ་ཨིན་མས།
མཉམ་འབྲེལ་ཚོགས་ཆུང་གི་འཛོམས་འདུ་ ཐེངས་ ༣ པའི་ སྐབས་ལུ་ བང་ལ་དེཤ་གཞུང་གིས་ བརྒྱུད་འགྲུལ་གྱི་ཅ་ཆས་འགྲོ་འགྲུལ་གན་རྒྱ་ ཟེར་མི་གི་ཚབ་ལུ་ མིང་སོར་ཏེ་ བརྒྱུད་འགྲུལ་སྐྱེལ་འདྲེན་གྱི་འགྲོ་འགྲུལ་གན་རྒྱ་ཟེར་ བཏགས་དགོ་ཟེར་གྲོས་འཆར་བཀོད་དེ་ གན་རྒྱ་དང་དཔྱད་གཞིའི་གན་འཛིན་ཆ་འཇོག་འབད་ཞིནམ་ལས་ རྒྱལ་ཁབ་གཉིས་ཆ་ར་གིས་ རང་སོའི་ཆེ་མཐོའི་གནས་རིམ་གྱི་དབང་འཛིན་ཚུ་ལས་ རྒྱལ་ཁབ་གཉིས་ཆ་ར་ལུ་ བྱ་སྟབས་བདེ་བའི་ཚེ་གྲངས་གུར་ གན་རྒྱ་ལག་བྲིས་བཀོད་ནི་གི་དོན་ལུ་ བྱ་སྒོ་ལམ་ལུགས་ཚུ་འབད་ནི་གི་ཁས་ལེན་བྱུང་ཡོདཔ་ཨིན་མས།
གན་རྒྱ་དེ་འབྲུག་རྒྱལ་ཁབ་ཀྱི་དོན་ལུ་ གལ་ཆེ་བའི་ཡིག་ཆ་ཅིག་ཨིན་མི་འདི་ རྒྱལ་ཁབ་གཞན་ཚུའི་ཅ་ཆས་ཚུ་ག་ར་གི་དོན་ལུ་ འབྲུག་རྒྱལ་ཁབ་ཀྱི་བརྒྱུད་འགྲུལ་ཚོང་ལཱ་ཚུའི་བརྒྱུད་ལམ་གྱི་གདམ་ཁ་བྱིན་ཚུགས་ནི་དེ་གིས་ཨིན་མས། ད་ལྟོའི་གནས་སྟངས་ནང་ འབྲུག་རྒྱལ་ཁབ་ལུ་ བརྒྱུད་འགྲུལ་ཚོང་ལཱ་ཚུའི་བརྒྱུད་ལམ་དེ་ རྒྱ་གར་རྒྱལ་ཁབ་དང་གཅིག་ཁར་མ་གཏོགས་ གཞན་གཅིག་ཁར་མེདཔ་ཨིན་མས། གན་རྒྱ་འདི་གིས་ བང་ལ་དེཤ་དང་གཅིག་ཁར་ སྣུམ་འཁོར་ལམ་དང་ རེ་ལི་ གནམ་གྲུ་ ཆུ་འགྲུལ་ མཚོ་འགྲུལ་ལ་སོགས་པའི་ མཐུད་འབྲེལ་སྔར་ལས་ལྷག་ཏེ་བཟོ་ནི་གི་གཞི་བཀོད་ཡང་ཚུད་དེ་ཡོདཔ་ཨིན་མས།
གན་རྒྱའི་གནད་དོན་ཚུ་ཡང་ གན་འཛིན་རྩ་ཕན་ཚུའི་རང་སོའི་མངའ་ཁོངས་ལས་བརྒྱུད་དེ་ ཅ་ཆས་ཚུ་སྐྱེལ་འདྲེན་འབད་བའི་སྐབས་ལུ་ བརྒྱུད་འགྲུལ་སྐྱེལ་འདྲེན་གྱི་དོན་ལུ་ མཁོ་གལ་ཅན་གྱི་མཐུན་རྐྱེན་དང་བཅསས་སྦེ་ཁེ་ཕན་འོང་ནི་དང་ རྒྱལ་སྤྱིའི་བརྒྱུད་འགྲུལ་ལུ་བྱ་སྟབས་བདེ་ཤོས་ཀྱི་ལམ་བདའ་སྟེ་ ཁོང་རའི་མངའ་ཁོངས་ནང་ལས་བརྒྱུད་འགྲུལ་གྱི་དལ་དབང་བྱིན་ནི་ཨིན་མས།
དེ་ལས་ ས་ཐོག་དང་ ཆུ་འགྲུལ་ མཚོ་འགྲུལ་གྱི་བཞག་གནས་ཚུ་དང་ གནམ་ཐང་ཚུ་ བརྒྱུད་འགྲུལ་སྐྱེལ་འདྲེན་གྱི་ཅ་ཆས་ཚུའི་དོན་ལུ་ མི་སྟོབས་དང་ འཐོན་ཁུངས་གཞན་ མཛོད་ཁང་གི་ མཐུན་རྐྱེན་ཚུ་བརྩིས་ཏེ་ གཞི་རྟེན་མཐུན་རྐྱེན་ཚུ་ལངམ་སྦེ་སྤྲོད་ནི་གི་ངེས་བརྟན་བཟོ་ནི་ཨིན་མས། འཁོར་ལམ་དང་ རེ་ལི་ གནམ་གྲུ་ ཆུ་འགྲུལ་གྱི་ཆུ་ལམ་ཐོག་ལུ་ བརྒྱུད་འགྲུལ་ལམ་ཚུ་ གན་རྒྱ་འདིའི་དཔྱད་གཞིའི་གན་འཛིན་ནང་བཀོད་དེ་ཡོདཔ་དང་ བརྒྱུད་འགྲུལ་སྐྱེལ་འདྲེན་གྱི་དོན་ལུ་འོང་མི་སྣུམ་འཁོར་ཚུ་ འབྲུག་གི་འཛུལ་སྒོའི་ས་གནས་ལྷོ་མཚམས་ཀྱི་ས་མཚམས་ཚུན་ཚོད་རྐྱངམ་ཅིག་འོང་ཆོགཔ་སྦེ་བཀོད་ཡོདཔ་ཨིན་མས།
དེ་ལས་ སྐྱེལ་འདྲེན་ལག་ལེན་པ་ཚུའི་ཆོག་ཐམ་ དེད་གཡོག་པའི་ལག་ཁྱེར་དང་ ཞིབ་དཔྱད་ཀྱི་རིམ་ལུགས་བཙུགས་ནི་ སྣུམ་འཁོར་གྱི་དབྱེ་བ་ ས་མཚམས་ཕན་ཚུན་གྱི་མཉམ་འབྲེལ་ བརྒྱུད་འགྲུལ་སྣུམ་འཁོར་འཛུལ་ཞུགས་དང་ཅ་དམ་གྱི་གནད་དོན་གཞན་ རྩོད་རྙོགས་འདུམ་འགྲིག་ དཔྱད་གཞིའི་གན་འཛིན་འཕྲི་སྣོན་ འགོ་བཙུགས་ཚེས་གྲངས་ཚུ་ ཟུར་སྦྲགས་ཀྱི་ ཆ་ཤས་སྦེ་ཡོདཔ་ཨིན་མས། གཞན་ཡང་ བསྟར་སྤྱོད་འགོ་བཙུགས་ཞིནམ་ལས་ རྩ་ཕན་ཚུ་གིས་ཕྱིར་བཏོན་འབད་ཆོག་པའི་དོན་ཚན་དང་ གན་རྒྱ་དང་ དཔྱད་གཞིའི་གན་འཛིན་གྱི་དགོངས་དོན་ཚུ་ མོས་མཐུན་གྱི་གྲོས་བསྟུན་ཐོག་ལས་ འཕྲི་སྣོན་འབད་ནི་གི་དོན་ཚན་ཚུ་བཀོད་དེ་ཡོདཔ་ཨིན་མས།
གན་རྒྱ་འདི་ རྒྱལ་ཁབ་གཉིས་ཀྱི་བར་ན་ ཟུང་ཕྱོགས་ཚོང་དང་ སྲིད་དོན་གྱི་མཐུན་ལམ་སྔར་ལས་རྩ་བརྟན་བཟོ་ཚུགས་ནི་དང་ ནང་འདྲེན་དང་ཕྱིར་ཚོང་འཐབ་ནི་དོན་ལུ་ བརྒྱུད་འགྲུལ་མཐུན་རྐྱེན་གདམ་ཁ་ཚུ་བྱིན་ནི་གི་ཁེ་ཕན་ཡོདཔ་ཨིན་མས།
ཨིན་རུང་ བང་ལ་དེཤ་གི་མཚོ་འགྲུལ་གྱི་བཞག་གནས་ཚུ་ནང་ བརྒྱུད་འགྲུལ་དལ་དབང་དང་ བེད་སྤྱོད་གི་སྒོ་སྐབས་སྤྲོད་དེ་ཡོད་རུང་ ཐད་ཀར་བཐུད་འབྲེལ་མེདཔ་ལས་ རྒྱ་གར་མངའ་སྡེ་གཞུང་གིས་ རྒྱབ་སྐྱོར་ག་དེ་སྦེ་འབད་འོང་ག་དང་ དོ་འགྲན་ཅན་དང་གཞི་ཚུད་ཚར་མི་ལེ་ཤ་ཡོདཔ་ལས་ འགོ་ཐོག་དང་པ་ ཁེ་ཕན་སྦོམ་སྦེ་ར་བཟོ་མི་ཚུགས་ནི་ཨིན་མས། དེ་ལས་ རྒྱ་གར་མངས་སྡེ་ཀཱོལ་ཀ་ཀྲ་ལས་ ལམ་གསརཔ་ལག་ལེན་འཐབ་ནི་ནང་ ཉམས་མྱོང་དང་གོམས་འདྲིས་ཚུད་ནི་གི་དོན་ལུ་ དུས་ཚོད་དུམ་དྲ་འགོར་ནི་མས་ཟེར་བའི་དབྱེ་དཔྱེད་བྱུང་མི་ཚུ་གི་གནད་དོན་ཚུ་ གྲོས་བསྡུར་འབད་ནི་ཨིན་པའི་གནས་ཚུལ།