བཀག་དམ་འབད་ནིའི་ཐེ་ཚོམ་ལས་ ཚོང་པ་ཚུ་གིས་ གལ་གནད་ཆུང་བའི་ཅ་ལ་ཚུ་བསགས་དོ་ཡོདཔ།

རྒྱལ་ཁབ་ནང་ ཚོང་པ་ཚུ་གིས་ གལ་གནད་ཆུང་བའི་ཅ་ལ་ཚུ་ བཀག་དམ་འབད་ནིའི་ཐེ་ཚོམ་བསྐྱེད་དོ་ཡོདཔ་ལས་ ཅ་ལ་ཚུ་བསགས་ནིའི་འགོ་བཙུགས་དོ་ ཡོདཔ་ཨིན་མས། དེ་ཡང་ རྒྱལ་ཁབ་ནང་ མདང་ཞག་གཞུང་གིས་ འགྲུལ་འཁོར་ནང་འདྲེན་འབད་ནིའི་ལུ་ བཀག་དམ་འབད་དགོ་པའི་གསལ་བསྒྲགས་ འབད་བའི་ཤུལ་ལས་ དོ་རུང་ གཞུང་གིས་ གལ་གནད་ཆུང་བའི་ཅ་ལ་ཚུ་ཡང་ ག་དེམ་ཅིག་སྦེ་བཀག་དམ་འབད་བ་ཅིན་མནོ་སྟེ་ ཚོང་པ་མང་ཤོས་ཅིག་གིས་ར་ ཅ་ལ་ཚུ་བསགས་དོ་ཡོདཔ་ཨིན་མས།
བསྟན་རྒྱས་ལྷན་ཁག་འོག་ལུ་ཡོད་པའི་ ཚོང་འབྲེལ་ལས་ཁུངས་ནང་ གལ་གནད་ཆུང་བའི་ཅ་ལ་ཚུ་གི་ཐོ་ཅིག་མེད་རུང་ ཉེ་བར་མཁོ་བའི་ཅ་ལ་འདི་ སྣུམ་དང་ མེ་རླུང་རྒྱ་རྫིའམ་ སོལ་རླུང་ ཟ་ཆས་ཀྱི་རིགས་དང་ སྨན་དེ་ལས་ བཟོ་སྐྲུན་གྱི་ཅ་ཆས་དང་ གློག་མེ་བཟོ་སྐྲུན་ཁང་གི་ཅ་ཆས་ཚུ་ཨིན་མས།
གཞུང་གིས་ རྒྱལ་ཁབ་ནང་ ཕྱི་དངུལ་གསོག་འཇོག་གི་ཚ་གྱང་འདི་ ཐབས་ལམ་རྩེ་ཅན་གསུམ་གྱི་སྒོ་ལས་ གདོང་ལེན་འབད་ནིའི་ཨིན་སྦེ་ གསལ་བསྒྲགས་འབད་ དེ་ཡོདཔ་ཨིནམ་ད་ ཐབས་ལམ་གསུམ་པ་འདི་ གལ་གནད་ཆུང་བའི་ཅ་ལ་ཚུ་མེན་པར་ དགོས་མཁོ་ཆེ་བའི་ཅ་ལ་རྐྱངམ་གཅིག་ ནང་འདྲེན་འབད་ནི་ ཨིན་པའི་ཁར་ གཞུང་གིས་གལ་གནད་ཆུང་བའི་ཅ་ལ་ཚུ་ གདམ་ཁ་རྐྱབ་བཞིནམ་ལས་ བཀག་དམ་འབད་ནིའི་ བརྡ་སྟོན་འབད་ཡོདཔ་ཨིན་མས།
བཀག་དམ་འབད་ནིའི་ཨིན་མི་ གལ་གནད་ཆུང་བའི་ཅ་ལ་ཚུ་ མི་མང་ལུ་ངོས་འཛིན་འབད་དེ་ གདམ་ཁ་རྐྱབ་རྐྱབ་མེད་དེ་འབད་རུང་ མི་སེར་ཚུ་གིས་ ཕོ་ཚོད་བསྐྱེད་དེ་ ནང་ཆས་ ཉལ་ཁྲི་དང་ རྐང་ཁྲི་ཅོག་སྒྲོམ་ལ་སོགས་པ་དང་ འགྲུལ་འཕྲིན་ དེ་ལས་གཞན་མི་ཅ་སྣམ་ཚུ་མཁོ་སྒྲུབ་འབད་དེ་ བསགས་ནི་ འགོ་བཙུགས་དོ་ཡོདཔ་ཨིན་མས།
ཐིམ་ཕུག་ལས་ ཤིང་ཆས་ཚོང་པ་གཅིག་གིས་སླབ་མིའི་ནང་ འདས་པའི་ཟླཝ་ལས་གཞུང་གིས་ འགྲུལ་འཁོར་ནང་འདྲེན་བཀག་དམ་འབད་དགོ་པའི་ གསལ་བསྒྲགས་འབད་བའི་ཤུལ་ལས་འགོ་བཟུང་ ཤིང་ཆས་ཀྱི་ཅ་ལ་ཚུ་ སྤུང་སྡེབ་སྦེ་ མངག་ཆ་འབད་ནི་འགོ་བཙུགས་ཡི་ཟེར་ཨིན་མས། ཁོ་གིས་འབད་བ་ཅིན་ ཨ་རྟག་བཟུམ་ཅིག་འབད་བ་ཅིན་ རྒྱ་གར་ནོའུ་དིལ་ལི་ལས་ མཁོ་སྒྲུབ་འབད་དོ་ཡོདཔ་ད་ ད་ལྟོ་འབདཝ་ད་དངུལ་ཀྲམ་ས་ཡ་ ༧ དེམ་ཅིག་གི་ ཤིང་ཆས་ སྦུང་སྡེབ་སྦེ་ ཉོ་དེ་མཁོ་སྒྲུབ་འབད་དེ་ཡོད་ཟེར་ཨིན་མས།
དོ་རུང་གཞན་མི་ ཤིང་ཆས་ཚོང་པ་གཅིག་གིས་སླབ་མིའི་ནང་ ཅ་ལ་ཚུ་ད་ལྟོ་ལས་མ་བསགས་པ་ཅིན་ ག་དེམ་ཅིག་སྦེ་ གཞུང་གིས་ཧང་ཏོམ་མ་སྦེ་ ཤིང་ཆས་ཚུ་ཡང་ གལ་གནད་ཆུང་བའི་ཅ་ལ་སྦེ་བཀག་དམ་འབད་ཅིན་ ལཱ་ཁག་གཏང་འོང་ཟེར་ཨིན་མས། དེ་འབདཝ་ལས་ ཁོ་གིས་འབད་བ་ཅིན་གཞུང་གིས་ བཀག་དམ་ མ་འབད་བའི་ཧེ་མ་ལས་ ནང་འདྲེན་འབད་བཞག་པ་ཅིན་སྟབས་བདེ་ཏོིག་ཏོ་འོང་ཟེར་ཨིནམ་ད་ དེ་མིན་ ནང་འཁོད་ལས་ཉོ་བའི་ཤིང་ཆས་ཚུ་འདི་ གོང་ཚད་མཐོཝ་ལས་ ཉོ་མི་ལེ་ཤ་མི་འཐོན་ཟེར་བཤདཔ་ཨིན་མས།
དེ་བཟུམ་སྦེ་ འགྲུལ་ཕྲིན་ཚོང་པ་ཚུ་གིས་ཡང་ གཞུང་གིས་ འགྲུལ་ཕྲིན་ཚུ་ཡང་ གལ་གནད་ཆུང་བའི་ཅ་ལ་སྦེ་བརྩི་སྟེ་ ནང་འདྲེན་འབད་ནིའི་བཀག་དམ་ འབད་བ་ཅིན་མནོ་སྟེ་ འགྲུལ་ཕྲིན་ཚུ་མངམ་སྦེ་མངག་དོ་ཡོདཔ་ཨིན་མས།
ཐིམ་ཕུག་ལུ་ འགྲུལ་ཕྲིན་ཚོང་ལས་ཁང་གཅིག་གིས་ ནམ་རྒྱུན་དངུལ་ཀྲམ་ས་ཡ་ ༣ དང་ ༥ གི་ འགྲུལ་ཕྲིན་མཁོ་སྒྲུབ་འབད་དོ་ཨིནམ་ད་ ད་རིས་འབདཝ་ད་ དངུལ་ཀྲམ་ས་ཡ་ ༧ དང་ ༨ ཀྱི་ འགྲུལ་ཕྲིན་མཁོ་སྒྲུབ་འབད་དེ་ཡོདཔ་ཨིན་མས།
དེ་བཟུམ་སྦེ་འགྲུལ་ཕྲིན་ཚོང་པ་གཞན་མི་གཅིག་གིས་ཡང་ སྤུང་སྡེབ་སྦེ་ འགྲུལ་ཕྲིན་ལེ་ཤ་མངག་དེ་ཡོདཔ་སྦེ་ བསགས་དོ་ཡོད་པའི་གནས་ཚུལ།

སངས་རྒྱས་རབ་བརྟན།