ཕུན་ཚོགས་གླིང་གི་ གཅིག་བསྒྲིལ་ཚོད་བསྲེ་ཁྲོམ་དེ་ བསྐྱར་བཟོ་འབད་དེ་ཡོད་མི་གིས་མི་མང་ལུ་ ཤིང་འབྲས་དང་ ཚོད་བསྲེ་གི་རིགས་ཚུ་རློནམ་སྦེ་ བཀྲམ་སྤེལ་འབད་ཚུགས་ནི་ཨིན་མས། ཚོད་བསྲེ་ཁྲོམ་དེ་ བསྐྱར་བཟོ་འབད་དེ་ཧིང་སང་ས་དང་ ཡིད་ཁར་འོང་ཏོག་ཏོ་མཐོང་དོ་ཨིན་མས། དེ་སྦེ་བསྐྱར་བཟོ་འབད་མི་དེ་ ཚོད་བསྲེ་ཚོང་པ་ཚུ་གིས་ ཅ་སྣམ་ཚུ་གཙང་སྦྲག་དང་ལྡནམ་སྦེ་བཞག་ཐབས་དང་ འཇའ་ཆི་ཆི་བཐོང་ནིའི་དོན་ལུ་ ཕུན་ཚོགས་གླིང་ཚོང་འབྲེལ་ལུང་ཕྱོགས་ཡིག་ཚང་འགོ་འདྲེན་ཐོག་ སྦྱོང་བརྡར་སྤྲོད་དེ་བཟོ་ཡོདཔ་ཨིན་མས།
ཕུན་ཚོགས་གླིང་ཚོང་འབྲེལ་ལུང་ཕྱོགས་ཡིག་ཚང་གི་མདོ་ཆེན་བསོད་ནམས་དོན་གྲུབ་ཀྱིས་སླབ་མིའི་ནང་ ཁྲོམ་སྡེ་གི་ཚོད་བསྲེ་ཁྲོམ་གྱི་མཐོང་སྣང་དེ་ འཇའ་ཆི་ཆི་བཟོ་དེ་ ཉོ་ཚོང་པ་ཚུ་གི་དོན་ལུ་ ལམ་ཚུ་བདེ་ཏོག་ཏོ་བཟོ་ཡོདཔ་ཨིན་ཟེར་བཤད་ཅི། ཁོ་གིས་སླབ་མིའི་ནང་ ཚོད་བསྲེ་དང་ ཤིང་འབྲས་ཚོང་པ་ཚུ་ལུ་ ཅ་ལ་ཚུ་ གཙང་སྦྲག་དང་ལྡནམ་སྦེ་ འཇའ་ཆི་ཆི་སྦེ་བཞག་ཐངས་ཚུ་སྟོན་ཡོད་ཟེར་ཨིན་མས། ལུང་ཕྱོགས་ཚོང་འབྲེལ་མདོ་ཆེན་གྱིས་སླབ་མིའི་ནང་ ཤུལ་ལས་ ཚོད་བསྲེ་དང་ཤིང་འབྲས་ དེ་ལས་སྒོང་རྡོག་བཙོང་ས་ཚུ་ སོ་སོ་སྦེ་བཟོ་ནི་གི་འཆར་གཞི་ཡོད་ཟེར་ཨིནམ་ད་ ས་སྒོ་ནང་ ནང་འཁོད་ཀྱི་ཚོད་བསྲེ་བཙོང་ས་ སོ་སོ་སྦེ་བཟོ་ནི་དང་ དེ་ལས་ ནང་བཟོ་དང་ བཟོ་གྲྭ་ཆུང་བའི་ཚོང་ཁྲོམ་ཡང་འགོ་བཙུགས་ནི་གིས་ འཆར་གཞི་ཡོད་ཟེར་ཨིན་མས།
ལུང་ཕྱོགས་ཚོང་འབྲེལ་མདོ་ཆེན་གྱིས་སླབ་མིའི་ནང་ ཚོད་བསྲེ་གི་གོང་ཚད་དེ་ཡར་འཕར་སོང་ཡོདཔ་ལས་ མི་མང་ཤོས་ཀྱིས་ར་ རྒྱ་གར་ས་མཚམས་ཀྱི་ཁྲོམ་ ཇའི་སྒང་ལས་ཉོ་ནིའའི་ལུ་གདམ་ཁ་རྐྱབ་མས་ཟེར་ཨིན་མས། མི་མང་གིས་ དེ་སྦེ་ཇའི་སྒང་ལས་ཉོ་མིའི་རྒྱུ་མཚན་ཡང་ ཚོད་བསྲེ་ཚོང་ཁང་ནང་ ཅ་ལ་ཚུ་བཞག་ཐངས་མེདཔ་ལས་ ཨིནམ་འོང་ག་ཡང་མི་ཤེས་ཟེར་ཨིན་མས།
ཕུན་ཚོགས་གླིང་ཚོད་བསྲེ་ཁྲོམ་ཁར་ལུ་ གོང་ཚད་ཚུ་ རྒྱ་གར་ས་མཚམས་དང་ཕྱེདཔ་ད་ བརྒྱ་ཆ་ ༤༠ གི་ མཐོ་དྲག་ཡོདཔ་སྦེ་ཤེས་རྟོགས་བྱུང་ཡོདཔ་ཨིན་མས། ལུང་ཕྱོགས་ཚོང་འབྲེལ་ཡིག་ཚང་གི་ལས་བྱེདཔ་དང་འཁྲིལཝ་ད་ ཚོང་པ་ཚུ་ལུ་ ཚོད་བསྲེ་བཀྲམ་སྤེལ་འབད་མི་ཚུ་ལུ་ གོང་ཚད་མར་ཕརཔ་དགོཔ་སྦེ་སླབ་ཡོདཔ་ད་ ཚོད་བསྲེ་སིལ་ཚོང་པ་ཚུ་ལུ་ཡང་ གོང་ཚད་མར་ཕརཔ་འབད་དེ་བཙོང་དགོཔ་སྦེ་སླབ་ཡོདཔ་ཨིན་མས། ཐད་ཀར་དབང་ཚད་མེད་རུང་ ལུང་ཕྱོགས་ཚོང་འབྲེལ་ཡིག་ཚང་གི་ལས་བྱེདཔ་དང་འཁྲིལ་བ་ཅིན་ མི་མང་གིས་གོང་ཚད་ ཚད་ལྡན་བཟོ་དགོཔ་སྦེ་ བློ་འདོད་བསྐྱེད་དོ་ཨིནམ་ད་ གོང་ཚད་དེ་ ཁྲོམ་སྒྱུར་གོང་ཚད་དང་ འཁྲིལ་འོང་ཟེར་ཨིན་མས།
ཨིན་རུང་ ཕུན་ཚོགས་གླིང་ནང་ བཟའ་ཆས་ཚོང་ཁང་དང་ ཟ་ཁང་དག་པ་ཅིག་གིས་ཡང་ ཚོད་བསྲེ་དང་ ཤིང་འབྲས་ཚུ་བཙོང་དོ་ཡོདཔ་ལས་ ཁོང་ཚོད་བསྲེ་ ཚོང་པ་ཚུ་ལུ་ ཐོ་ཕོག་དོ་ཡོདཔ་ཨིནམ་ད་ དེ་ཡང་ བཟའ་ཆས་ཚོང་ཁང་དང་ ཟ་ཁང་ཚུ་ལུ་ ནད་ཡམས་སྐབས་ལུ་བཙོང་བཅུག་བཞིནམ་ལས་ཚུར་ འཕྲོ་འཐུད་དེ་ར་ བཙོང་དོ་ཡོདཔ་ཨིན་མས།
ཁོང་ཚོད་བསྲེ་ཚོང་པ་ཚུ་གིས་སླབ་མིའི་ནང་ ཕུན་ཚོགས་གླིང་གི་ གཅིག་བསྒྲིལ་ཚོད་བསྲེ་ཁྲོམ་དེ་ བསྐྱར་བཟོ་འབད་དེ་ཡོད་མི་གིས་ ཚོང་ར་ཚུ་ མཛེས་ཆ་དང་གཙང་སྦྲགས་ལྡནམ་སྦེ་མཐོང་དོ་ཡོདཔ་ད་ ཚོང་ཉོ་མི་མངམ་སྦེ་འཐོན་འོང་ཟེར་བའི་རེ་བ་བསྐྱེད་དོ་ཨིན་མས།
ཚོད་བསྲེ་ཚོང་པ་ཅིག་ཨིན་མི་ ཆོས་སྐྱིད་ཀྱིས་སླབ་མིའི་ནང་ གཅིག་བསྒྲིལ་ཚོད་བསྲེ་ཁྲོམ་དེ་ བསྐྱར་བཟོ་འབད་དེ་ཡོད་མི་གིས་ ཚོང་ར་ཚུ་ འཇའ་ཆི་ཆི་མཐོང་དོ་ཡོདཔ་ད་ དེ་གིས་ ཁེ་ཕན་ ཚོང་ཉོ་མི་གི་གྱངས་ཁ་ཡར་སེང་འགྱོ་བའི་རེ་བ་བསྐྱེད་དོ་ཟེར་ཨིན་མས། ཨིན་རུང་ མོ་གིས་སླབ་མིའི་ནང་ ཕུན་ཚོགས་གླིང་ནང་སྡོད་མི་ མི་སེར་མངམ་གྱིས་ར་ ཇའི་སྒང་ལས་ཉོ་དོ་ཨིནམ་ལས་ ཚོད་བསྲེ་ཚུ་མེདཔ་འགྱོཝ་མས་ཟེར་བཤདཔ་ཨིན་མས། དེ་འབདཝ་ལས་བཙོང་མ་ཚར་བར་ ཚོད་བསྲེ་ཚུ་ མེདཔ་འགྱོ་དོ་ཡོད་པའི་དཀའ་ངལ་བཤདཔ་ཨིན་མས།
མོ་གིས་སླབ་མིའི་ནང་ མི་མང་གིས་གོང་ཚད་བཐོ་བའི་རྙོག་བཤད་བཀོད་རུང་ གོང་མར་ཕརཔ་དེ་ར་བཙོང་དོ་ཡོདཔ་ལས་ ཁེབ་ས་ཉུང་སུ་ཅིག་ལས་མ་གཏོགས་འཐོབ་ནི་མེད་ཟེར་ཨིན་མས།
ཚོང་པ་གཞན་མི་ ཁི་ན་མ་ཡ་གིས་སླབ་མིའི་ནང་ ཚོང་ར་དེ་ཡར་རྒྱས་འགྱོ་ཡོདཔ་ད་ རྒྱ་འབྲུག་ས་མཚམས་འཛུལ་སྒོ་ཕྱེ་བཞིནམ་ལས་ ཕུན་ཚོགས་གླིང་གི་ མི་མང་ཤོས་ཀྱིས་ ཇའི་སྒང་ལས་ཉོ་ནི་གིས་ གདམ་ཁ་རྐྱབ་མས་ཟེར་བཤད་ཅི། མི་མང་གིས་གོང་ཚད་བཐོ་བའི་རྙོག་བཤད་བཀོད་དོ་ཡོད་རུང་ ཁི་ན་མ་ཡ་གིས་ སླབ་མིའི་ནང་ མི་མང་གིས་ ཁྲལ་བཏབ་དགོ་དོ་ཡོད་མི་དེ་ ཧ་མི་གོ་བས་ཟེར་ཨིན་མས། མོ་གིས་སླབ་མིའི་ནང་ ཁོང་ཡང་ སྐྱིན་འགྲུལ་བཏབ་ནི་ དེ་ལས་ དཔེ་ཆ་བལྟ་མི་ཨ་ལུ་ཚུ་གི་དོན་ལུ་ ཟད་འགྲོ་གཏང་དགོཔ་ཡོདཔ་ལས་ ཚོང་དེ་རྒུད་ནང་རྐྱབ་མི་ཚུགས་ཟེར་ཨིན་མས།
ཕུན་ཚོགས་གླིང་ནང་སྡོད་མི་ མི་མང་གིས་སླབ་མིའི་ནང་ ཚོད་བསྲེ་ས་མཚམས་ཀྱི་ཁྲོམ་ཁར་ལས་ཉོ་དགོ་མི་དེ་ འབྲུག་པའི་ཚོད་བསྲེ་ཁྲོམ་ནང་ གོང་ཚད་མཐོ་དོ་ཡོདཔ་ལས་ཨིན་ཟེར་བཀོད་དོ་ཨིན་མས། ཨིན་རུང་ འབྲུག་མི་ལ་ལུ་གིས་ ས་མཚམས་ནང་འགྱོ་ནི་དེ་ འཛུལ་སྒོའི་སྒྲིག་གཞི་ལུ་ཉམས་ཚེར་དོ་ཡོདཔ་ལས་ ཕུན་ཚོགས་གླིང་ཁྲོམ་ལས་ཡང་ ཉོ་དོ་ཡོད་པའི་གནས་ཚུལ།
སངས་རྒྱས་རབ་བརྟན།