ཕུན་ཚོགས་གླིང་ལུ་ཚལ་ལུ་ཚོང་ཁེབ་ས་ཅན་སྦེ་མེདཔ།

ཕུན་ཚོགས་གླིང་ལུ་ཚལ་ལུ་ཚོང་ཁེབ་ས་ཅན་སྦེ་མེདཔ།

དུས་ཅི་ཕུན་ཚོགས་གླིང་ལུ་ཚལ་ལུ་གི་གོང་ཚད་དེ་ ན་ཧིང་ད་ཕྱེདཔ་ད་ལེགས་ཤོམ་མ་འཐོབ་་ཨིན་མས། ཁོང་ཚལ་ལུ་འཛུགས་སྐྱོང་འཐབ་མི་སོ་ནམ་པ་དང་ ཕྱིར་ཚོང་འཐབ་མི་ཚུ་གིས་འབད་བ་ཅིན་ དུས་ཅི་གི་ཚལ་ལུ་ཚོང་དེ་ཁེབ་ས་ཅན་སྦེ་མ་འགྱོ་ཟེར་ཨིན་མས།

ཕུན་ཚོགས་གླིང་ལུ་ དུས་ཅི་གནམ་དགུན་གི་ཚལ་ལུ་ཚོང་ནང་ ཚལ་ལུ་ཆུང་ཀུ་སྒམ་རེ་ལུ་ དངུལ་ཀྲམ་ ༡༡༠༠ དང་ སྦོམ་སྒམ་རེ་ལུ་ དངུལ་ཀྲམ་ ༡༤༠༠ རེ་ཐོབ་ཡོདཔ་ཨིན་མས།

ན་ཧིང་སྤྱི་ཟླ་ ༡ པའི་ནང་ ཚལ་ལུ་གི་གོང་ཚད་དེ་ ཚལ་ལུ་སྦོམ་ སྒམ་རེ་ལུ་ ཡུ་ཨེསི་ཌོ་ལར་ ༡༦ དང་ ཚལ་ལུ་ཆུང་ཀུ་སྒམ་རེ་ལུ་ ཡུ་ཨེས་ཌོ་ལར་ ༡༣ རེ་ཐོབ་དེ་ གོང་ཚད་ཡར་སེང་འབད་ཡོདཔ་ཨིན་མས། སྤྱི་ལོ་ ༢༠༢༢ སྤྱི་ཟླ་༡༢ པའི་ནང་ ཚལ་ལུ་སྦོམ་ སྒམ་རེ་ལུ་ ཡུ་ཨེསི་ཌོ་ལར་ ༡༥ དང་ ཚལ་ལུ་ཆུང་ཀུ་སྒམ་རེ་ལུ་ ཡུ་ཨེས་ཌོ་ལར་ ༡༢ རེ་ཐོབ་ ཡོདཔ་ཨིན་མས།

ལོག་ཅི་ན་རྒེད་འོག་ ཁ་སྟོད་ཁ་གཡུས་ཚན་ལས་ཨིན་མི་ ཀི་རཱན་རའི་གི་འབད་བ་ཅིན་ དུས་ཅི་ཚལ་ལུ་གི་གོང་ཚད་དེ་ མི་སེར་སོ་ནམ་པ་ཚུ་གིས་ རེ་བ་བསྐྱེད་དོ་བཟུམ་སྦེ་འཐོབ་མ་ཚུགས་ཟེར་ཨིན་མས། ཚལ་ལུ་གི་གོང་ཚད་ དེ་སྦེ་ཉུང་སུ་སྦེ་ཡོད་མི་ཡང་ ཁོ་གིས་སླབ་དོ་བཟུམ་འབད་བ་ཅིན་ དགེ་ལེགས་ཕུག་ལུ་ཚོང་པ་ལེ་ཤ་ཡོད་དོ་བཟུམ་སྦེ་ ཕུན་ཚོགས་གླིང་ལུ་ ཚལ་ལུ་ཉོ་ཚོང་འབད་མི་ ཚོང་འབྲེལ་པ་གཉིས་མ་གཏོགས་མིན་འདུག་ཟེར་ཨིན་མས།

ཀི་རཱན༌རའི༌གིས༌སླབ༌མིའི༌ནང༌ ཚལ་ལུ་ཉོ་མི་ཉུང་སོངམ་ལས་འགྲན་བསྡུར་འབད་མི་མེདཔ་ལས་ གོང་ཚད་ཉུང་སུ་ཐོབ་ཡོདཔ་ཨིནམ་མ་ཚད་ ཁོང་ཚོང་པ་ཚུ་ལས་ མི་སེར་ཚུ་གིས་ དཱ་སའི་དུས་སྟོན་གྱི་སྐབས་ལུ་ སྔོན་བྱིན་ལེན་ཡོདཔ་ལས་ ཚལ་ལུ་དེ་ཁོང་ཚོང་པ་གཉིས་ལུ་མ་བཙོང་ཐབས་མེད་ཟེར་ཨིན་མས།

གཡུས་ཚན་ནང་ལས་ དོ་རུང་སོ་ནམ་པ་གཞན་མི་ བག་བིར་རའི་གིས་ཡང་ དེ་བཟུམ་མའི་བསམ་འཆར་བཤད་དོ་ཨིནམ་ད་ ན་ཧིང་གི་ལོ་ནང་ ཚལ་ལུ་ཚོང་ལེགས་ཤོམ་སོང་ཡི་ཟེར་ཨིནམ་ད་ ན་ཧིང་འོང་འབབ་དངུལ་ཀྲམ་འབུམ་ ༥ དེམ་ཅིག་ཐོབ་ཡོདཔ་་ཨིན་མས། བག་བིར་རའི་གིས་འབད་བ་ཅིན་ དུས་ཅི་ འོང་འབབ་ དངུལ་ཀྲམ་འབུམ་ ༢ དང ༣ ཡང་བཟོ་མི་ཚུགས་ནི་བཟུམ་ཅི་འདུག་ཟེར་ཨིན་མས།

དུས་ཅི་ བསམ་རྩེ་རྫོང་ཁག་ རྡོ་རོ་ཁ་ལས་ བར་ཚོང་པ་སྦེ་འགོ་དང་པ་རྐྱབ་དོ་ཨིན་མི་ ཇིཊ་མཱན་གྱིས་ དུས་ཅི་ཚལ་ལུ་ཚོང་དེ་ལེགས་ཤོམ་མ་འགྱོ་ཟེར་ཨིན་མས། ཁོ་གིས་ཚལ་ལུ་འཛུགས་སྐྱོང་པ་ལས་ཉོ་དེ་ ཕྱིར་ཚོང་པ་ཚུ་ལུ་བཙོང་དོ་ཨིནམ་ད་ གོང་ཚད་ལེགས་ཤོམ་མེདཔ་ལས་ དངུལ་ཁྲམ་ འབུམ་ ༣ དེམ་ཅི་རྒུད་ཕོག་ཡི་ཟེར་བཤད་ཅི།

དེ་བཟུམ་སྦེ་ ཕུན་ཚོགས་གླིང་ ཟྭ་ཆུ་གཡུས་ཚན་ལས་ཨིན་མི་ བོམ་བཱ་ཧཱ་དུར་གྱིས་སླབ་མིའི་ནང་ དུས་ཅི་ཚལ་ལུ་གོང་ཚད་འབོར་ཆེ་ཏོག་ཏོ་སྦེ་བཙོང་སའི་ཚོང་ལམ་ཅིག་མ་འཐོབ་ཟེར་ཨིན་མས།

བར་ཚོང་པ་སྦེ་ཚོང་འབྲེལ་འཐབ་དོ་ཨིན་མི་ བཀྲ་ཤིས་ཆོས་འཕེལ་གྱིས་འབད་བ་ཅིན་ ཕུན་ཚོགས་གླིང་ཏོར་ས་ལུ་ཡོད་པའི་ཕྱིར་ཚོང་པ་ལུ་མ་བཙོང་བར་ རྒྱ་གར་གི་ཉོ་ཚོང་པ་ཚུ་ལུ་བཙོང་དོ་ཟིར་ཨིན་མས། དེ་སྦེ་བཙོང་དགོ་མི་ཡང་ ཁོ་གིས་འབད་བ་ཅིན་ ཕྱིར་ཚོང་པ་ལུ་བཙོང་སྡོད་པ་ཅིན་ ཁོ་གིས་ཚལ་ལུ་འཛུགས་སྐྱོང་བ་ཚུ་ལས་ཉོ་མི་གི་ རིན་གོང་ཡང་མི་འཐོན་ནི་ཟེར་བཤད་ཅི།

བཀྲ་ཤིས་ཆོས་འཕེལ་གྱིས་ རྒྱ་གར་གྱི་ཉོ་ཚོང་པ་ལུ་ ཚལ་ལུ་ཆུང་ཀུ་ཕུད་རྡོག་རེ་ལུ་ དངུལ་ཀྲམ་ ༢་༧ དང་ སྦོམ་ལུ་འབད་བ་ཅིན་ དངུལ་ཀྲམ་༣་༥ སྦེ་བཙོང་དོ་ཨིན་མས།

དེ་བཟུམ་སྦེ་ཐིམ་ཕུག་དང་ཕུན་ཚོགས་གླིང་གཞུང་ལམ་བདའ་སྟེ་ཤིང་འབྲས་བཙོང་མི་ཚུ་གིས་ཡང་ དུས་ཅི་ཚལ་ལུ་གི་གོང་ཚད་དེ་ལེགས་ཤོམ་མ་འཐོབ་ཟེར་ཨིན་མས། གཞུང་ལམ་བདའ་སྟེ་ཤིང་འབྲས་ཚོང་རྐྱབ་སྡོད་མི་ པ་སངས་ལྷ་མོ་གིས་སླབ་མིའི་ནང་ གོང་ཚད་ཡར་དྲག་སྦེ་མ་འཐོབ་མི་དེ་ སྒམ་རྐྱབ་ནི་གིས་གོང་ཚད་དེ་ ཡར་འཕར་སོང་ཡོདཔ་ལས་ཨིནམ་འོང་ཟེར་བཤད་ཅི།

ཨིན་རུང་པད་གླིང་ཕྱིར་ཚོང་ལས་སྡེ་གི་འཛིན་སྐྱོང་འགོ་དཔོན་བཙན་སྐྱོགས་རྡོ་རྗེ་གིས་འབད་བ་ཅིན་ ཚལ་ལུ་གི་གོང་ཚད་གནམ་མེད་ས་མེད་ཀྱི་ཉུང་དྲག་སྦེ་མེན་རུང་ ན་ཧིང་དང་ཕྱེདཔ་ད་ དུས་ཅི་དུམ་གྲ་ཅིག་ཉུང་སུ་སྦེ་ཡོད་ཟེར་ཨིན་མས། འཛིན་སྐྱོང་འགོ་དཔོན་གྱིས་འབད་བ་ཅིན་ དེ་སྦེ་གོང་ཚད་མར་སྦེ་ཡོད་མི་ཡང་ བང་ལ་ཌེཤ་རྒྱལ་ཁབ་ནང་ གནམ་གཤིས་ལེགས་ཤོམ་མེདཔ་ལས་ཨིན་ཟེར་བཤད་ཅི། ད་རིས་སྐབས་ཅི་ བང་ལ་ཌེཤ་ལུ་ཆརཔ་རྐྱབ་དོ་ཨིན་མས། འཛིན་སྐྱོང་འགོ་དཔོན་གྱི་སླབ་མིའི་ནང་ ཚལ་ལུ་གོང་ཚད་དེ་ ཉིནམ་དག་པ་ཅིག་གིས་རྒྱབ་ཁ་ལས་ཡར་འཛེག་འོང་ཟེར་བའི་གནས་ཚུལ།

སངས་རྒྱས་རབ་བརྟན།