དུས་ཅི་གི་ཚལ་ལུ་ཚོིང་དུས་ནང་ ཕུན་ཚོགས་གླིང་ཚལ་ལུ་ཚོང་པ་ཚུ་གིས་ གོང་ཚད་ལེགས་ཤོམ་ཐོབ་ཡོདཔ་ཨིན་མས། ཕུན་ཚོགས་གླིང་གི་ ཚལ་ལུ་འཛུགས་སྐྱོང་འཐབ་མི་སོ་ནམ་པ་དང་ ཕྱིར་ཚོང་འཐབ་མི་ཚུ་ གོང་ཚད་ལེགས་ཤོམ་ཐོབ་མི་ལུ་ སེམས་དང་ལྡན་ཡོདཔ་ཨིན་མས། ད་ལྟོ་མཇུག་བསྡུ་ཡོད་མི་ ཚལ་ལུ་ཚོང་འབྲེལ་ནང་ ན་ཧིང་ སྤྱི་ཟླ་ ༡༢ པའི་ནང་ ཚལ་ལུ་ཕྱིར་ཚོང་འཐབ་པའི་སྐབས་སུ་ གོང་ཚད་ ལེགས་ཤོམ་མ་འཐོབ་རུང་ དུས་ཅི་ སྤྱི་ཟླ་ ༡ པའི་ནང་ལས་ གོང་ཚད་ལེགས་ཤོམ་ཐོབ་ཡོདཔ་ཨིན་མས།
པད་གླིང་ཕྱིར་ཚོང་ལས་སྡེ་གི་ཇོ་བདག་ སྤེན་པ་གིས་ འབྲུག་ཚོང་འབྲེལ་གསར་ཤོག་ལུ་སླབ་མིའི་ནང་ དུས་ཅི་ཚལ་ལུ་གི་ གོང་ཚད་མཐོ་དྲགས་ཐོབ་སྦེ་ ལེགས་ཤོམ་འགྱོ་ཡི་ཟེར་བཤདཔ་ཨིན་མས།
ན་ཧིང་ སྤྱི་ཟླ་༡༢ པའི་ནང་ ཚལ་ལུ་སྦོམ་ སྒམ་རེ་ལུ་ ཡུ་ཨེསི་ཌོ་ལར་ ༡༥ དང་ ཚལ་ལུ་ཆུང་ཀུ་སྒམ་རེ་ལུ་ ཡུ་ཨེས་ཌོ་ལར་ ༡༢ རེ་ཐོབ་ ཡོདཔ་ཨིན་མས། ཨིན་རུང་ཡང་ དུས་ཅི་སྤྱི་ཟླ་ ༡ པའི་ནང་ ཚལ་ལུ་གི་གོང་ཚད་དེ་ ཚལ་ལུ་སྦོམ་ སྒམ་རེ་ལུ་ ཡུ་ཨེསི་ཌོ་ལར་ ༡༦ དང་ ཚལ་ལུ་ཆུང་ཀུ་སྒམ་རེ་ལུ་ ཡུ་ཨེས་ཌོ་ལར་ ༡༣ རེ་ཐོབ་དེ་ གོང་ཚད་ཡར་སེང་འབད་ཡོདཔ་ཨིན་མས།
པད་གླིང་ཕྱིར་ཚོང་ལས་སྡེ་གི་ཇོ་བདག་གིས་འབད་བ་ཅིན་ ཚལ་ལུ་གི་གོིང་ཚད་དེ་ འཕྲེལ་འཕྲེལ་ཡར་མར་འགྱོ་དོ་ཨིནམ་ལས་ བརྟན་ཏོག་ཏོ་མེད་ཟེར་ཨིན་མས། ཨིན་རུང་ ཁོ་གིས་སླབ་མིའ་ནང་ མ་ལེགས་མི་ཅིག་དེ་ དུས་ཅི་ ཚལ་ལུ་གི་ཐོན་སྐྱེད་དེ་ ལེགས་ཤོམ་མིན་འདུག་ཟེར་ཨིན་མས།
དེ་བཟུམ་སྦེ་ དཔལ་ལྡན་ནང་འདྲེན་དང་ཕྱིར་ཚོང་ལས་སྡེ་གི་ཇོ་བདག་ སངས་རྒྱས་དཔལ་འབྱོར་གྱིས་སླབ་མིའི་ནང་ དུས་ཅི་ ཚལ་ལུ་གི་ ཚོང་ ལེགས་ཤོམ་འགྱོ་དེ་ གོང་ཚད་ལེགས་ཤོམ་ཐོབ་ཅི་ཟེར་ཨིན་མས། ཨིན་རུང་འགོ་ཐོག་དང་པ་ ཚོང་འདྲེན་པ་ཚུ་ལུ་ ཤིང་སྒམ་མ་ལང་བའི་ དཀའ་ངལ་འཐོན་ཡོདཔ་ཨིན་མས། ཤུལ་ལས་ འབྲུག་གཞུང་དང་ བང་ལ་དེཤི་གཞུང་གཉིས་ཀྱི་བར་ན་ གསུང་གྲོས་གནང་སྟེ་ སྟབས་བདེ་དྲགས་བཟོ་ཡོདཔ་ཨིན་མས།
བི་ཨིན་བི་ཚོང་ལས་ཁང་གི་ཇོ་བདག་ བཱ་རོན་པོཝ་ཌལ་གྱིས་སླབ་མིའི་ནང་ ཚོང་པ་ཚུ་གིས་ གནང་གྲོལ་དངུལ་ཡིག་མ་ཐོཔ་པར་ དངུལ་སྤྲོད་ལེན་ཐབས་ལམ་གཞན་ཅིག་མེད་པར་ ཚོང་ལམ་བཀག་རྐྱབ་ཅིག་ཟེར་ཨིན་མས། ཚོང་འབྲེལ་པ་ཚུ་གིས་ གནང་གྲོལ་དངུལ་ཡིག་མ་ཐོབ་ཚུན་ཚོད་ དངུལ་གཏོང་ལེན་འབད་མ་ཚུགས་པར་ བསྒུག་སྡོད་དགོཔ་འཐོན་ཡོདཔ་ཨིན་མས།
དེ་བཟུམ་སྦེ་ ཚལ་ལུ་འཛུགས་སྐྱོང་འཐབ་མི་སོ་ནམ་པ་ཚུ་ཡང་ ཚལ་ལུ་གོང་ཚད་ལེགས་ཤོམ་ཐོབ་ཡོདཔ་ལས་ སེམས་དགའ་ཡོདཔ་ཨིན་མས།
ཕུན་ཚོགས་གླིང་ལས་ ཚལ་ལུ་འཛུགས་སྐྱོང་པ་ ཐམ་བིར་རའི་གིས་སླབ་མིའི་ནང་ དུས་ཅི་གི་ཚལ་ལུ་ཚོང་དུས་ནང་ ཚོང་འབྲེལ་ལེགས་ཤོམ་འགྱོ་ཡོད་མི་ལུ་སེམས་དགའ་དེ་ཡོདཔ་ཨིན་མས། ཚལ་ལུ་ཚོང་ལཱ་འགོ་བཙུགས་ཁམ་ཅིག་ནང་ གོང་ཚད་ཉུང་སུ་ཐོབ་ཡོདཔ་ད་ ཨིན་རུང་ དུས་ཅི་སྤྱི་ཟླ་ ༡ པའི་ནང་ གོང་ཚད་ཡར་སེང་སོང་ཡོད་མི་ལུ་སེམས་དང་ལྡན་ཡོདཔ་ཨིན་མས། གོང་ཚད་ཡང་ ཚལ་ལུ་ ཕུད་རྡོག་ ༨༠ ལུ་ དངུལ་ཀྲམ་ ༧༠༠ དང་ ༡,༡༠༠ བར་ན་ཐོབ་ཡོདཔ་ཨིན་མས། དེ་ལས་ཚལ་ལུ་སྒམ་རྐྱབ་མི་ནང་ དངུལ་ཀྲམ་ ༩༥༠ དང་ ༡,༡༥༠ བར་ན་ཐོབ་ཡོདཔ་ཨིན་མས།
དུང་ནག་གཡུས་ཚན་ལས་ཨིན་མི་ ཇེ་བི་རའི་གིས་སླབ་མིའི་ནང་ ཚལ་ལུ་གོང་ཚད་ལེགས་ཤོམ་ཐོབ་དེ་ སྐྱིན་འགྲུལ་བཏབ་ཚུགས་མི་ལུ་ སེམས་ཀྱི་ཚ་གྱང་ཞི་དེ་ཡོད་ཟེར་ཨིན་མས།
ལོག་ཅི་ན་ལས་ཨིན་མི་ ཨིན་ཌ་ནི་གིས་སླབ་མིའི་ནང་ དེ་སྦེ་གོང་ཚད་མངམ་སྦེ་ཐོབ་མི་དེ་ ལོ་༥ དང་ ༧ གི་བར་ན་ མཐོ་ཤོས་ཅིག་ཨིན་ཟེར་བཤད་ཡོདཔ་ཨིན་མས།
ཨིན་རུང་མི་སེར་སོ་ནམ་པ་ཚུ་གིས་སླབ་མིའི་ནང་ དེ་སྦེ་གོང་ཚད་མངམ་སྦེ་ཡོདཔ་ད་ ཚལ་ལུའི་ཐོན་སྐྱེད་ཉུང་སུ་ཐོན་མི་ལུ་ སེམས་མ་དགའ་ཟེར་ཨིན་མས། སོ་ནམ་པ་ཚུ་གིས་འབད་བ་ཅིན་ འགོ་ཐོག་ནང་ མེ་ཏོག་ལེགས་ཤོམ་ཤར་དེ་ ཤིང་ཏོག་ལེགས་ཤོམ་ བཏགས་རུང་ ཚལ་ལུ་ཚོ་རནམ་ད་ ས་ཁར་བུད་འགྱོཝ་མས་ཟེར་ཨིན་པའི་གནས་ཚུལ།
སངས་རྒྱས་རབ་བརྟན།