ནིའུ་ཡོག་ལུ་ ནང་བཟོ་དང་བཟོ་གྲྭ་ཆུང་བའི་ཚོང་ཁྲོམ་འགོ་བཙུགས་ཡོདཔ།

ནིའུ་ཡོག་ལུ་ ནང་བཟོ་དང་བཟོ་གྲྭ་ཆུང་བའི་ཚོང་ཁྲོམ་འགོ་བཙུགས་ཡོདཔ།

འབྲུག་གི་ཚོང་ལམ་རྒྱལ་སྤྱི་ནང་ལྷོད་ལམ་དང་ རྒྱལ་ཁབ་ཀྱི་ཐུན་མོང་མ་ཡིན་པའི་ཐོན་སྐྱེད་ཚུ་ཡར་དྲག་གཏང་ནིའི་དོན་ལུ་ ཨེ་མི་རི་ཀའི་ཁྲོམ་ཚོགས་ ནིའུ་ཡོག་ནང་ ནང་བཟོ་དང་བཟོ་གྲྭ་ཆུང་པའི་ཚོང་ཁྲོམ་ཅིག་འགོ་བཙུགསཡོད་ཨིན་མས། བཟོ་གྲྭ་ཚོང་ལས་དང་ལཱ་གཡོག་ལྷན་ཁག་འོག་ལུ་ཡོད་པའི་ བཟོ་གྲྭ་ལས་ཁུངས་ཀྱིས་ སྤྱི་ཟླ་ ༧ པའི་སྤྱི་ཚེས་ ༢༨ ལུ་ ནིའུ་ཡོག་ཁྲོམ་ཚོགས་ཀྱི་དཀྱིལ་མ་ལུ་ ཡོངས་འབྲེལ་ཐོག་ འབྲུག་གི་མཛོད་ཁང་ཟེར་ ནང་བཟོ་དང་བཟོ་གྲྭ་ཆུང་བའི་ཚོང་ཁྲོམ་འགོ་བྱེད་འབད་ཡོདཔ་ཨིན་མས། འགོ་བྱེད་འདི་ བཟོ་གྲྭ་ཚོང་ལས་དང་ལཱ་གཡོག་ལྷན་ཁག་གི་བློན་པོ་སྐར་མ་རྡོ་རྗེ་གིས་ འགོ་བྱེད་འབད་ཡོདཔ་ཨིན་མས། 

བཟོ་གྲྭ་ཚོང་ལས་དང་ལཱ་གཡོག་ལྷན་ཁག་གི་གནས་ཚུལ་གསར་བཏོན་དང་འཁྲིལ་བ་ཅིན་ རྒྱལ་ཁབ་གཞན་ནང་ ནང་བཟོ་དང་བཟོ་གྲྭ་ཆུང་བའི་ཚོང་ཁྲོམ་བཙུགས་དགོ་པའི་དམིགས་ཡུལ་འདི་ ནང་བཟོ་དང་བཟོ་གྲྭ་ཆུང་བའི་ཚོང་ཁྲོམ་གྱི་ དཀའ་ངལ་བསལ་དེ་ རྒྱལ་སྤྱི་ནང་ ཚོང་ལམ་ཡར་དྲག་གཏང་ནིའི་དོན་ལུ་ཨིན་ཟེར་བཀོད་ཡོདཔ་ཨིན་མས། ནང་བཟོ་དང་བཟོ་གྲྭ་ཆུང་བའི་ཚོང་ཁྲོམ་གྱིས་ སྤུས་ཚད་ཅན་གྱི་ འབྲུག་པའི་ཐོན་སྐྱེད་འགྲེམས་སྟོན་འབད་དེ་ ཕྱི་དངུལ་འཐོབ་ནི་གིས་དམིགས་གཏད་བསྐྱེདཔ་མ་ཚད་ ཚོང་གྲྭ་གི་ སྤུས་ཚད་ལྷན་ཐབས་དང་ འཇོན་ཐང་ཡར་དྲག་གཏང་ནི་ དེ་ལས་ལཱ་གཡོག་གི་སྒོ་སྐབས་བཟོ་ནིའི་དོན་ལུ་ཨིན་མས།

ནང་བཟོ་དང་བཟོ་གྲྭ་ཆུང་བའི་ཚོང་ཁྲོམ་གྱིས་ ནིའུ་ཡོག་ནང་ འབྲུག་གི་ཐོན་སྐྱེད་ཀྱི་ཡོངས་ཐོབ་ཚོང་ཁང་ཅིག་སྦེ་ཆགས་ནི་ཨིནམ་ད་ གཙོ་བོ་ ནིའུ་ཡོག་ནང་ཡོད་པའི་འབྲུག་པའི་མི་སྡེ་ལུ་ ཞབས་ཏོག་སྤྲོད་ཚུགས་ནི་ཨིནམ་མ་ཚད་ རིམ་གྱིས་སྦེ་ ཡུ་ཨེས་ཀྱི་མངའ་སྡེ་གཞན་ནང་ཡང་ ལྷོད་ཚུགས་ནི་ཨིན་མས།

ནང་བཟོ་དང་བཟོ་གྲྭ་ཆུང་བའི་ཚོང་ཁྲོམ་འདི་ ནིའུ་ཡོག་ལུ་ཡོད་མི་ འབྲུག་པའི་མི་ངོམ་ཨིན་མི་ སྐལ་བཟང་བུ་ཆུང་གིས་ བསོད་ནམ་ཆོས་འཕེལ་དང་མཉམ་འབྲེལ་འབད་དེ་ བཙོང་དོ་ཨིནམ་ད་་ འདི་གིས་ གཞུང་དང་སྒེར་སྡེའི་མཉམ་འབྲེལ་ལེགས་ཤོམ་ཡོད་པའི་དཔེ་སྟོན་བཟང་པོ་ཅིག་སྟོནམ་ཨིན་མས།

གནས་ཚུལ་གསར་བཏོན་དང་འཁྲིལ་བ་ཅིན་ བཟོ་གྲྭ་ལས་ཁུངས་ཀྱིས་ ནང་བཟོ་དང་བཟོ་གྲྭ་ཆུང་བའི་ཚོང་ཁྲོམ་དང་གཅིག་ཁར་ ཡུ་ཨེཨ་དང་ཨོས་ཊི་ལི་ཡ་རྒྱལ་ཁབ་ཀྱི་དགོས་མཁོ་དང་བསྟུན་ ཚོང་གི་སྒྲིག་གཞི་དང་ལམ་ལུགས་ཤེས་མི་ཅིག་ཨིནམ་མ་ཚད་ ལྷག་བསམ་དང་འཇོན་ཐང་ཡོད་པའི་མི་ངོམ་ཅིག་ ངོས་འཛིན་འབད་ཡི་ཟེར་ཨིན་མས།

སྐལ་བཟང་བུ་ཆུང་དང་ བསོད་ནམ་ཆོས་འཕེལ་གྱིས་ བཟོ་གྲྭ་ལས་ཁུངས་གཅིག་ཁར་ ཚོང་ལཱ་ཡུན་བརྟན་སྦེ་རྐྱབ་ནི་གིས་བསམ་བློ་གཏང་དོ་ཨིནམ་མ་ཚད་ ནང་བཟོ་དང་བཟོ་གྲྭ་ཆུང་བའི་ཚོང་ཁྲོམ་དང་ རྒྱལ་ཁབ་ཀྱི་དཔལ་འབྱོར་གོང་འཕེལ་ཡར་དྲག་གཏང་ནིའི་ལུ་ རྒྱབ་སྐྱོར་འབད་ནི་ཟེར་བཤད་ཡོདཔ་ཨིན་མས།

ནང་བཟོ་དང་བཟོ་གྲྭ་ཆུང་བའི་ཚོང་ཁྲོམ་གཞི་བཙུགས་འབད་ནི་ནང་ མཉམ་འབྲེལ་འབད་མི་ལས་བཅའ་སྒྲིག་དང་འབྲེལ་བའི་རྒྱབ་སྐྱོར་ཐོབ་ཡོདཔ་ད་ ཚོང་འབྲེལ་ལས་ཁུངས་ཀྱིས་ ཡར་འཕར་ཅན་གྱི་གཅིག་བསྒྲིལ་འཆར་བཀོད་ལས་འགུལ་གྱིས་ ཚོང་ཁྲོེམ་འགོ་བཙུགས་ནི་ནང་ མ་དངུལ་རྒྱབ་སྐྱོར་ཆ་ཤས་ཙམ་འབད་ཡོད་པའི་གནས་ཚུལ།

སངས་རྒྱས་རབ་བརྟན།