དཀའ་སྡུག་བསྐྱར་བཅོས་ཀྱི་དོན་ལུ་ འགན་ཡིག་མཚན་རྟགས་བཀོད་ཡོདཔ།

རྒྱལ་ཁབ་སོ་སོ་གི་བར་ན་ ཚོང་འབྲེལ་འཐབ་པའི་སྐབས་སུ་ སྟབས་མ་བདེཝ་དེ་མང་སུ་སྦེ་འཐོན་དོ་ཡོདཔ་ལས་ དཀའ་སྡུག་བསྐྱར་བཅོས་ཀྱི་དོན་ལུ་ འགན་ཡིག་མཚན་རྟགས་བཀོད་ཡོདཔ་ཨིན་མས། འགན་ཡིག་གི་མཚན་རྟགས་ཡང་ འབྲུག་དང་ ཐེའི་ལེནཌ་རྒྱལ་ཁབ་གཉིས་ཀྱི་བར་ན་ སྤྱི་ཟླ་ ༥ པའི་སྤྱི་ཚེས་ ༣༡ ལུ་བཀོད་ཡོདཔ་ཨིན་མས།

རྒྱལ་ཁབ་སོ་སོ་གི་བར་ན་ ཚོང་འབྲེལ་འཐབ་པའི་སྐབས་སུ་ སྟབས་མ་བདེཝ་དེ་མང་སུ་སྦེ་འཐོན་མི་དེ་ གཙོ་བོ་ར་ ཚོང་འབྲེལ་ཉོ་སྤྱོད་ཉེན་སྲུང་ལས་སྡེ་ཚུ་ལུ་ ཕྱིའི་རྒྱལ་ཁབ་ཚུ་ནང་ སྟབས་མ་བདེཝ་བསལ་ནི་གིས་ དབང་ཚད་ཁྱབ་ཁོངས་མེདཔ་ལས་ཨིན་མས། སྤྱི་ལོ་ ༢༠༢༢ ལུ་ ཐེའི་ལེནཌ་ལས་ འབྲུག་རྒྱལ་ཁབ་ཀྱིས་ དངུལ་ཡུ་ཨེསི་ཌོ་ལར་ ཐེར་འབུམ་ ༣ ལྷགཔ་ཅིག་གནས་པའི་ཅ་ལ་ནང་འདྲེན་འབད་ཡོདཔ་ད་ འབྲུག་ལས་ ཐེའི་ལེནཌ་ལུ་ དངུལ་ཀྲམ་ས་ཡ་ ༡༦ དེམ་ཅིག་གནས་པའི་ཅ་ལ་ ཕྱིར་ཚོང་འཐབ་ཡོདཔ་ཨིན་མས།

དེ་བཟུམ་མའི་དཀའ་སྡུག་བསལ་ནིའི་དོན་ལུ་ འབྲུག་གི་བཟོ་གྲྭ་ཚོང་ལས་དང་ལཱ་གཡོག་ལྷན་ཁག་འོག་ལུ་ཡོད་པའི་ ཚོང་འགྲན་དང་ཉོ་སྤྱོད་ལས་འབྲེལ་དབང་འཛིན་དང་ ཐེའི་ལེནཌ་གི་ ཚོང་འབྲེལ་ཉོ་སྤྱོད་ཉེན་སྲུང་བཀོད་ཚོགས་ཡིག་ཚང་གཉིས་ཀྱི་བར་ན་ ཐེའི་ལེནཌ་གི་ས་གནས་ ཨ་ས་ཝིན་ཟ་ཁང་གི་ཚོགས་ཁང་ནང་ལུ་སྦེ ཆིངས་ཡིག་བཀོད་ཡོདཔ་ཨིན་མས།

མཚན་རྟགས་ཆིངས་ཡིག་འདི་ ཁྲིོམས་མཐུན་ཐོག་གནས་དགོ་པའི་འགན་ཡིག་ཅིག་མེན་རུང་ དེ་གིས་ རྒྱལ་ཁབ་གཉིས་ཀྱི་ཚོང་ཉོ་སྤྱོད་འབད་མི་ཚུ་གི་བར་ན་ བྱ་སྟབས་མ་བདེཝ་འཐོན་པའི་སྐབས་ལུ་ ངོ་ཚབ་ལས་ཁུངས་གཉིས་ཀྱིས་འབད་བརྩོན་བསྐྱེད་དེ་ དཀའ་ངལ་བསལ་ནིའི་ལུ་ སྟབས་བདེ་དྲགས་བཟོ་ནིའི་ལུ་ ཁེ་ཕན་འབྱུང་ནི་ཨིན་མས། འདི་བཟུམ་མའི་ཉེན་སྲུང་དང་ལྡནམ་སྦེ་བཟོ་མི་གིས་ འབྲུག་དང་ཐེའི་ལེནཌ་རྒྱལ་ཁབ་གཉིས་ཀྱི་བར་ན་ ཐུན་མོང་གི་ཚོང་འབྲེལ་མཐུན་གྲོས་ནང་ ཁེ་ཕན་འབྱུང་ནི་ཨིན་མས། དེ་གིས་ རྒྱལ་ཁབ་གཉིས་ཀྱི་ དབལ་འབྱོར་ནང་ཕན་རླབས་ཆེ་ནི་ཨིན་མས།

ཆིངས་ཡིག་གིས་ ཚོང་ཉོ་སྤྱོདཔ་ཚུ་གི་ཉེན་སྲུང་ཡར་དྲགས་གཏང་ནི་ཨིནམ་ད་ ལས་སྡེ་གཉིས་ཀྱི་བར་ན་ འཕྲུལ་རིག་མཉམ་འབྲེལ་དང་ བརྡ་དོན་སྤེལ་ནི་ གནས་སྐབས་བརྗེ་སོར་འབད་ནི་ནང་ ལྷན་ཐབས་འབད་ནི་ཨིན་མས། ཐེའི་ལེནཌ་གི་ ཚོང་འབྲེལ་ཉོ་སྤྱོད་ཉེན་སྲུང་བཀོད་ཚོགས་ཡིག་ཚང་གིས་ འབྲུག་གི་ཚོང་འགྲན་དང་ཉོ་སྤྱོད་ལས་འབྲེལ་དབང་འཛིན་ལུ་ མཁོ་འདོད་དང་འཁྲིལ་ཏེ་ ཅ་ལ་གི་སྤུས་ཚད་བརྟག་དཔྱད་འབད་ནི་དོན་ལུ་ བརྟག་དཔྱད་ཁང་ནང་ལྷོད་ལམ་གྱི་བཅའ་སྒྲིག་དང་འབྲེལ་བའི་རྒྱབ་སྐྱོར་འབད་ནི་ཨིན་མས།

སྤྱིར་བཏང་ འགན་ཡིག་གིས་ འབྲུག་དང་ཐེའི་ལེནཌ་རྒྱལ་ཁབ་གཉིས་ཀྱི་ ཚོང་པ་དང་ ཉོ་སྤྱོདཔ་ཚུ་གིས་བར་ན་ ཉོ་སྤྱོད་ཉེན་སྲུང་ཐབས་ལམ་དང་ མཐུན་ལམ་དམ་ཟབ་བཟོ་ནིའི་ལུ་ཁེ་ཕན་འབྱུང་ནི་ཨིན་མས། འགན་ཡིག་མཚན་རྟགས་བཀོད་མི་དེ་གིས་ རྒྱལ་ཁབ་གཉིས་ཆ་རའི་དཔལ་འབྱོར་གནས་སྟངས་ཡར་དྲག་གཏང་ཐབས་ལུ་ ཚོང་པ་ཚུ་གི་བར་ན་ ཚོང་ལམ་ངེས་བརྟན་འདྲ་མཉམ་སྦེ་བཟོ་ནི་ལུ་ཐབས་ལམ་ལེགས་ཤོམ་ཅིག་ཨིན་མས།

འགན་ཡིག་མཚན་རྟགས་ནང་ རྒྱལ་ཁབ་གཉིས་ཀྱི་བར་ན་ ཚོང་པ་ཚུ་ལུ་ དྲང་སྙོམས་མེད་པའི་ཚོང་འབྲེལ་ནང་ བརྡ་དོན་སྤེལ་ནི་དང་ ཚོང་པ་ཚུ་གི་བར་ན་ རྩོད་རྙོག་བསལ་ནི་དང་ འབྲེལ་ཡོད་ཚོང་པ་གིས་ཁེ་རྒུད་འབག་ནི་ དེ་ལས་ ཐེའི་ལེནཌ་གི་ ཚོང་འབྲེལ་ཉོ་སྤྱོད་ཉེན་སྲུང་བཀོད་ཚོགས་ཡིག་ཚང་གི་ལམ་སྟོན་ཐོག་ ཚུལ་ལྡན་གྱི་བརྟག་དཔྱད་ཁང་ངོས་འཛིན་འབད་ནི་དང་ རྩོད་རྙོག་དང་འབྲེལ་བའི་ཅ་ཆས་ཀྱི་བརྟག་དཔྱད་དང་དབྱེ་ཞིབ་འབད་དགོ་པའི་སྐབས་ལུ་རྒྱབ་སྐྱོར་འབད་ནི་ཚུ་ཚུད་དེ་ཡོདཔ་ཨིན་མས།

གཞན་ཐེའི་ལེནཌ་གི་ ཚོང་འབྲེལ་ཉོ་སྤྱོད་ཉེན་སྲུང་བཀོད་ཚོགས་ཡིག་ཚང་གིས་ ཉེན་སྲུང་དང་འབྲེལ་བའི་སྦྱོང་བརྡར་འབད་ནི་ དེ་ལས་  ཚོང་འགྲན་དང་ཉོ་སྤྱོད་ལས་འབྲེལ་དབང་འཛིན་གྱིས་བཀོད་ཡོད་པའི་ འཕྲུལ་རིག་དང་ ཁྱད་རིག་ལཱ་ཚུ་ མི་སྟོབས་གོང་འཕེལ་བཏང་ནིའི་དོན་ལུ་ ལས་རིམ་ཚུ་འགོ་འདྲེན་འཐབ་ནི་ཨིན་མས།

འགན་ཡིག་མཚན་རྟགས་འདི་ འབྲུག་གི་བཟོ་གྲྭ་ཚོང་ལས་དང་ལཱ་གཡོག་ལྷན་ཁག་འོག་ལུ་ཡོད་པའི་ ཚོང་འགྲན་དང་ཉོ་སྤྱོད་ལས་འབྲེལ་དབང་འཛིན་གི་ཡོངས་ཁྱབ་མདོ་ཆེན་དང་  ཐེའི་ལེནཌ་གི་ ཚོང་འབྲེལ་ཉོ་སྤྱོད་ཉེན་སྲུང་བཀོད་ཚོགས་ཡིག་ཚང་གཉིས་ཀྱི་ སྤྱི་ཁྱབ་དྲུང་ཆེན་གཉིས་ཀྱི་བར་ན་ བཀོད་ཡོད་པའི་གནས་ཚུལ།

སངས་རྒྱས་རབ་བརྟན།