ཐར་པ་གླིང་དགོན་པ་ལུ་ ཀློང་ཆེན་གསུང་འབུམ་གྱི་དབང་ལུང་གནང་དོ་ཡོདཔ།

ཐར་པ་གླིང་དགོན་པ་ལུ་ ཀློང་ཆེན་གསུང་འབུམ་གྱི་དབང་ལུང་གནང་དོ་ཡོདཔ།

བུམ་ཐང་་ཐར་པ་གླིང་དགོན་པ་ལུ་ རྒྱལ་བ་ཀློང་ཆེན་རབ་འབྱམས་པའི་གསུང་འབུམ་གྱི་ དབང་ལུང་གནང་ནི་འགོ་བཙུགས་ཡོདཔ་ཨིན། དེ་ཡང་ སྤྱི་ཟླ་ ༦ པའི་ སྤྱི་ཚེས་ ༢༣ ལུ་ རྫོང་གསར་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ་གིས་གནང་དོ་ཡོདཔ་ཨིན།

དབང་ལུང་ཡང་ མཐར་པ་གླིང་དགོན་པའི་བླམ་ མཁན་པོ་ཚེ་དབང་བསོད་ནམས་ཀྱིས་ བསྐུལ་མ་ཞུཝ་བཞིན་དུ་ གནང་དོ་ཡོདཔ་ཨིན་མས། དབང་ལུང་ཞུ་སར་ བདུད་འཇོམས་ཡང་སྲིད་རིན་པོ་ཆེ་གིས་གཙོས་པའི་ བླམ་དང་ སྤྲུལ་སྐུ་ ཨ་ནེམ་ སྒོམ་ཆེན་ དེ་ལས་ དད་ཅན་གྱི་མི་སེར་ སྟོང་ཕྲག་ ༡༠ ལྷགཔ་ཅིག་གིས་ ཞུ་དོ་ཨིན་མས།

ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར་འདི་་རྫོགས་པ་ཆེན་པོའི་བཀའ་སྲོལ་གསལ་ཏོག་ཏོ་མཛད་མི་ རྙིང་མའི་སློབ་དཔོན་ཀློང་ཆེན་པ་དྲི་མེད་འོད་ཟེར་ མཚན་གཞན་ཚུལ་ཁྲིམས་བློ་གྲོས་ཡང་ཞུ་མི་ རབ་བྱུང་ལྔ་པའི་ས་ཕོ་སྤྲེལ་སྤྱི་ལོ༡༣༠༨ ལོ་ལུ་ཡབ་བསྟན་པ་སྲུང་དང་ ཡུམ་འབྲོམ་བཟའ་བསོད་ནམས་རྒྱན་གཉིས་ཀྱི་སྲས་སུ་དབུས་ལྷོ་གཡོ་རུ་གྲའི་ཆ་སྟོད་གྲོང་དུ་ སྐུ་བལྟམས། དགུང་ལོ་ལྔའི་ལས་ སློབ་གཉེར་གནང་ནི་དབུ་བཙུགས་ཤིང་སྔ་གཞུག་ཏུ་ཀརྨ་པ་རང་ བྱུང་རྡོ་རྗེ། ས་སྐྱ་བདག་ཆེན། རྙིང་མའི་རིག་འཛིན་ཀུ་མཱ་རཱ་ཛ་སོགས་མཁས་གྲུབ་མང་པོ་སློབ་དཔོན་བསྟེན། གཡག་སྡེ་པཎ་ཆེན་གྱི་མདུན་དུ་དོགས་བསལ་མང་རབ་ཅིག་མཛད། མདོ་སྔགས་ཀྱི་གཞུང་ལུགས་མ་ལུས་སྦེ་ཐུགས་སུ་ཆུད་དེ་མཁས་པའི་གོ་འཕང་བརྙེས། དབུས་གཙང་གི་དགོན་གནས་ལེ་ཤ་དང་། ཁྱད་པར་དུ་རྒྱ་གར་འཕགས་པའི་ཡུལ་གྱི་དཔལ་ཆུ་བོ་རི་དང་ཨོ་རྒྱན་ཡུལ་སོགས་སུ་ཞབས་ཀྱིས་བཅགས། འཆད་རྩོད་རྩོམ་གསུམ་གྱི་ཡོན་ཏན་བསམ་གྱིས་མི་ཁྱབ། ཆུ་སྟག་སྤྱི་ལོ༡༣༦༢ ལུ་ཆོས་འབྱུང་རིན་པོ་ཆེའི་གཏེར་མཛོད་ཅེས་ཕྱག་རྩོམ་གནང་། དགུང་ལོ་ང་དྲུག་པ་རབ་བྱུང་དྲུག་པའི་ཆུ་ཡོས་སྤྱི་ལོ༡༣༦༣ ལུ་དཔལ་བསམ་ཡས་མཆིམས་ཕུ་ལུ་དགོངས་པ་ཆོས་དབྱིངས་སུ་བསྡུས་ནུག ཁོང་གི་གསུང་རྩོམ་ཡང་ ཕྱིའི་གནས་ཐུན་མོང་གི་སྐོར་བསྟན་བཅོས་དགུ་བཅུ་གོ་ལྔ། ནང་གི་གནས་རྒྱ་ཆེར་བཤད་པའི་བསྟན་བཅོས་ཆིག་བརྒྱ་ཉེར་བརྒྱད། གསང་བའི་གནས་དེ་ཁོ་ན་ཉིད་སྟོན་པའི་བསྟན་བཅོས་སུམ་ཅུ་ཨིནམ་ད་ གསུང་རྩོམ་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་ཡོདཔ་ཨིན་མས།

ཐར་པ་གླིང་དགོན་པ་འདི་ ཀློང་ཆེན་རབ་འབྱམས་ཀྱི་གདན་ས་ཅིག་ཨིན་མས།
འབྲུག་ལུ་ ཀློང་ཆེན་པའི་གསུང་འབུམ་སྐོར་དབང་ལུང་འདི་འགོ་དང་པ་ཨིནམ་ད་ དབང་ལུང་ཡང་ ཞག་ ༢༠ དེམ་ཅིག་གནང་ནི་ཨིན་པའི་གནས་ཚུལ།

སངས་རྒྱས་རབ་བརྟན། བུམ་ཐང་།