ཆེ་མཐོ་ཁྲིམས་ཀྱི་འདུན་ལས་ དཔལ་འབྱོར་གྱིས་ རྒུད་འཐུས་དང་ འགན་འཁྲི་མཐུས་ཤོར་ མཐོ་གཏུགས་འབད་མི་དེ་ ཕྱིར་འབུད་གཏང་ཡོདཔ།

སྤྱི་ཟླ་༨ པའི་ཚེས་༣༠ ལུ་ ཆེ་མཐོ་ཁྲིམས་འདུན་ལུ་ རྩོད་ཟླ་དཔལ་འབྱོར་གྱིས་ ཁྲིམས་སྲུང་འགག་སྡེ་དང་གཅིག་ཁར་ སྐུར་འདེབས་ཀྱི་རྩོད་བཤེར་འབད་མིའི་ནང་ ཁོ་ལུ་ རྒུད་འཐུས་དགོཔ་སྦེ་ ཆེ་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་མི་དེ་ ཕྱིར་འབུད་བཏང་ཡོདཔ་ཨིན་པས། ཆེ་མཐོ་ཁྲིམས་འདུན་གྱིས་ དུས་ཅི་ ཕིམ་ཕུག་རྫོང་ཁག་ཁྲིམས་འདུན་གྱིས་ འཁྲུན་ཆོད་བཏོན་མི་གུ་ གཞི་བཞག་དེ་ རྒུད་འཐུས་འཐོབ་དགོཔ་མེདཔ་སྦེ་ འཁྲུན་ཆོད་བཏོན་ཡོདཔ་ཨིན་པས།

རྩོད་གཞི་འདི་ ན་ཧིང་ སྤྱི་ཟླ་ ༡༡ པའི་ནང་ ཐིམ་ཕུག་རྫོང་ཁག་ཁྲིམས་འདུན་ནང་ བཙུགས་ཡོདཔ་ཨིན་མས།

དཔལ་འབྱོར་གྱིས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་དང་ འབྲུག་རྒྱལ་ཡོངས་དངུལ་ཁང་གཉིས་ཀྱི་ འགོ་དཔོན་ཚུ་གིས་ དབང་ཚད་ལོག་སྤྱོད་དང་ ཉེས་ལས་སྙན་ཞུ་འབད་མ་བཏུབ་པར་ འཐུས་ཤོར་བྱུང་མི་ཚུ་ལུ་ ཐིམ་ཕུག་རྫོང་ཁག་ཁྲིམས་འདུན་ས་ལས་ སྒྲུབ་བྱེད་མེད་པར་ བདེན་ཁུངས་མ་གཟངམ་ལས་ མཐོ་གཏུགས་འབད་ཡོད་མི་ལུ་ ཕིམ་ཕུག་རྫོང་ཁག་ཁྲིམས་འདུན་གྱིས་ འཁྲུན་ཆོད་བཏོན་མི་གུ་ གཞི་བཞག་དེ་ར་ ཆེ་མཐོ་ཁྲིམས་འདུན་ལས་ ལོག་སྟེ་ར་ ཕྱིར་འབུད་གཏང་ཡོདཔ་ཨིན་མས།

དེ་ལས་ དཔལ་འབྱོར་གྱིས་ དུས་ཅི་ སྤྱི་ཟླ་༦ པའི་ནང་ ཁྲིམས་སྲུང་འགག་སྡེ་གིས་ ཁོ་ར་ དོ་དམ་ནང་ ཞག་གྲངས་༡༦ བཞག་མི་དང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་དང་ འབྲུག་རྒྱལ་ཡོངས་དངུལ་ཁང་ཚད་ཀྱི་ བཀོད་ཁྱབ་ཚོགས་ཆུང་གི་འཐུས་མི་ཚུ་གིས་ དབང་ཚད་ལོག་སྤྱོད་དང་ ཉེས་ལས་སྙན་ཞུ་མ་འབད་བའི་ཐོག་ལུ་ མཐོ་གཏུགས་འབད་ཡོདཔ་ཨིན་པས།

ཨིན་རུང་ ཁྲིམས་ཁང་གོང་འོག་གཉིསཔ་ཆ་ར་ལས་ དོ་དམ་འོག་ལུ་བཞག་ནི་འདི་ ཁྲིམས་རྩོད་འབད་བའི་རིང་ལུ་ ཉེས་འགལ་བྱ་སྒོའི་རིམ་པ་ཅིག་ཨིནམ་ལས་ རྒུད་འཐུས་འཐོབ་ལུགས་མེད་པའི་འཁྲུན་ཆོད་བཏོན་ཡོདཔཨིན་མས།

དཔལ་འབྱོར་གྱིས་ ཁྲིམས་སྲུང་འགག་སྡེ་གིས་ ཁོ་ར་ དོ་དམ་འོག་ལུ་ ཞག་གྲངས་༡༦ བཞག་མི་དེ་ ཁྲིམས་ལུགས་དང་མ་འཁྲིལ་བར་བཞག་ཡོདཔ་ལས་ རྒུད་འཐུས་ཀྱི་གནད་དོན་དེ་ མངོན་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་ནི་ཟེར་ཨིན་མས།

ཆེ་མཐོ་ཁྲིམས་འདུན་གྱི་འཁྲུན་ཆོད་སྙན་གསན་སྐབས་སུ་ ང་བཅས་འབྲུག་ཚོང་འབྲེལ་ཤེས་རྟོགས་བྱུང་མིའི་ནང་ ཁྲིམས་སྲུང་འགག་སྡེའི་ཁྲིམས་རྩོདཔ་གིས་ ཁྲིམས་འདུན་གཉིས་ཆ་རའི་ནང་ དཔལ་འབྱོར་གྱིས་ མི་སྡེ་བརྡ་བརྒྱུད་ནང་ བསམ་འཆར་བཀོད་མི་དེ་གིས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་དང་ དངུལ་ཁང་གི་འགོ་དཔོན་ཚུ་ལུ་ ག་དེ་སྦེ་ གནོད་པ་བྱུང་ཡོདཔ་ ཨིན་ན་གི་ ཁུངས་བཀལ་མ་ཚུགསཔ་ལས་ཉེས་བཙུགས་མེདཔ་ཨིན་མས།

རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ དངུལ་ཁང་གི་ལས་བྱེདཔ་ཚུ་ལུ་ ཉེས་ཁྲིམས་བཀལ་དགོ་པའི་མཐོ་གཏུགས་ནང་ ཆེ་མཐོ་ཁྲིམས་འདུན་གྱིས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ དངུལ་ཁང་གི་ལས་བྱེདཔ་ཚུ་གིས་ ཡིག་ཆ་དེ་ཚུ་ རྫུས་མ་ཨིན་ན་མེན་ན་ ཤེས་མ་ཚུགས་པས་ཟེར་བཀོད་ཡོདཔ་ཨིན་མས།

ཆེ་མཐོ་ཁྲིམས་འདུན་གྱིས་འཁྲུན་ཆོད་དང་འཁྲིལ་བ་ཅིན་ དཔལ་འབྱོར་ལུ་ དངུལ་ཁང་གི་ ལས་བྱེདཔ་ཚུ་ ཉེས་ཁྲིམས་བཀལ་དགོ་པའི་སྐོར་ལས་ སྒྲུབ་བྱེད་མིན་འདུག་ཟེར་ཨིནམ་ད་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ ཁྲིམས་སྲུང་འགག་སྡེ་གིས་ བདེན་དཔྱད་འབད་ནིའི་ དབང་ཆ་ཡོད་ཟེར་ཨིན་པས།

ཆེ་མཐོའི་འཁྲུན་ཆོད་དང་འཁྲིལཝ་ད་ དཔལ་འབྱོར་ཁོ་ར་ དོ་དམ་ནང་བཞག་མི་དེ་ ཞིབ་དཔྱད་འབད་ནིའི་བྱ་སྒོའི་རིམ་པ་ཅིག་ཨིནམ་ལས་ རྒུད་འཐུས་ཐོབ་ནིའི་ འོས་འབབ་མེདཔ་མ་ཚད་ ཁོ་གི་གཟུགས་ཁར་ གནོད་པ་བྱུང་སྟེ་མེད་པའི་ཁར་ རྒུད་འཐུས་ཀྱི་མ་དངུལ་བོར་ཚད་ཁ་གསལ་སྦེ་ བཀོད་དེ་མིན་འདུག་ཟེར་ཨིན་པས།

ཆེ་མཐོ་ཁྲིམས་འདུན་གྱི་ འཁྲུན་ཆོད་བཏོན་ཡོད་མི་གུ་ བསམ་པ་མ་རྫོགསཔ་ལས་དཔལ་འབྱོར་གྱིས་མངོན་མཐོའི་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་ནིའི་ཨིན་པའི་གནས་ཚུལ།

སངས་རྒྱས་རབ་བརྟན།