དཔལ་འབྱོར་ལྷན་ཐབས་མ་དངུལ་ལས་རིམ་གཞི་བཙུགས་འབད་དེ་ ཟླཝ་ངོ་བདུན་དེམ་ཅིག་ལང་རུང་ འཐོབ་དགོ་པའི་མི་ངོམ་ཚུ་གིས་ འཐོབ་མ་ཚུགས་པར་ལུས་ཡོདཔ་ལས་ གཞུང་གིས་ ལམ་ལུགས་ལེགས་བཅོས་འབད་དོ་ཡོདཔ་ཨིན་མས། དེ་ཡང་སྤྱི་ཟླ་ ༡༢ པའི་སྤྱི་ཚེས་ ༥ ལུ་ རྒྱལ་ཡོངས་ཚོགས་སྡེའི་བཞུགས་རིམ་ ༡༥ པའི་སྐབས་ བློན་ཆེན་ལུ་ དྲི་བཀོད་ཀྱི་མཛད་རིམ་ འགོ་འདྲེན་འཐབ་སྐབས་བཤད་ཡོདཔ་ཨིན།
ཚོགས་སྡེའི་ ཆེད་བསྟོད་ཅན་གྱི་འཐུས་མི་ཚུ་གིས་ གཞུང་གི་ཧོངས་ལས་ གྲལ་གཏོགས་ཡོད་པའི་ དངུལ་འབྲེལ་གཙུག་སྡེ་གི་ དཔལ་འབྱོར་ལྷན་ཐབས་མ་དངུལ་གྱི་ དམིགས་གཏད་ཅན་གྱི་ཁེ་ཕན་ གྲུབ་ཐབས་ལུ་ གཏའམ་བཙུགས་མ་དགོ་པའི་ སྐྱིན་འགྲུལ་གྱི་ཞབས་ཏོག་ཚུ་ ཐེ་འཚོམ་མེད་པར་ ཕུལ་ནའི་དོན་ལུ་ གཞུང་གི་འཆར་གཞི་ཚུ་ ག་དེ་འབད་རང་ཡོད་ག་ཟེར་འདྲི་བའི་ལན་ལུ་ བློན་ཆེན་གྱིས་ སྐྱིན་འགྲུལ་སྐྱེད་ཆུང་ཀུ་འདི་ རེ་འདོད་ཅན་གྱི་མི་ག་ར་གིས་ འཐོབ་མ་ཚུགསཔ་ལས་ གཞུང་གིས་ ལམ་ལུགས་ལེགས་བཅོས་འབད་དོ་ཡོདཔ་སྦེ་བཤད་ཅི། དེ་ཡང་ གཞུང་གིས་ འབྲུག་གོང་འཕེལ་དངུལ་ཁང་འདི་ངོས་འཛིན་འབད་དེ་ དཔལ་འབྱོར་ལྷན་ཐབས་ཀྱི་ལས་རིམ་གྱི་དོན་ལུ་ དངུལ་ཁང་འདི་གིས་ དམིགས་བསལ་གྱི་ཡིག་ཚང་གཅིག་བཙུགས་ནི་ཨིནམ་དང་ གཞུང་གིས་ཁ་ཐུག་ལས་ཡང་ སྐྱིན་འགྲུལ་སྐྱེད་ཆུང་ཀུའི་ཞབས་ཏོག་བྱིན་ནི་འདི་ འབྲུག་གོང་འཕེལ་དངུལ་ཁང་ལུ་ འགན་འཁུར་ཧྲིལ་འབུམ་སྤྲོད་ནི་གི་ལམ་ལུགས་བཟོ་ཡོདཔ་སྦེ་བཤད་ཡོདཔ་ཨིན་མས།
བཀྲིས་བསྒང་གི་ཆེད་བསྟོད་ཅན་གྱི་འཐུས་མི་ བསོད་ནམས་སྟོབས་རྒྱས་ཀྱིས་ གཞུང་གི་ཧོངས་ལས་ ཁས་བླངས་གསལ་བསྒྲགས་མཛདཔ་བཞིན་དུ་ དཔལ་འབྱོར་ལྷན་ཐབས་མ་དངུལ་ ཐེར་བུམ་ ༡༥ ཡོད་ས་ལས་ སྐྱིན་འགྲུལ་གྱི་ཞབས་ཏོག་ཕུལ་ནའི་དོན་ལུ་ མ་དངུལ་ག་དེམ་ཅིག་ དངུལ་འབྲེལ་ལས་ཁུངས་ཚུ་ལུ་ གནང་ཡོད་ག་ཟེར་བའི་དྲི་བ་ལུ་ བློན་ཆེན་གྱིས་ ངོས་ལེན་དང་བཅསཔ་སྦེ་ དཔལ་འབྱོར་ལྷན་ཐབས་ཀྱི་ལས་རིམ་ནང་ལས་ ཁག་ཆེ་བའི་ སྐྱེད་ཆུང་ཀུ་གི་སྐྱིན་འགྲུལ་དང་ སྐྱིན་འགྲུལ་ལོག་བཏབ་མ་ཚུགས་མི་ལུ་རྒྱབ་སྐྱོར་ཀྱི་ལས་རིམ་ནང་ མ་དངུལ་དངུལ་ཀྲམ་ཐེར་འབུམ་ ༥.༣ བཞག་ཡོདཔ་དང་ ལས་འགུལ་གྱི་དོན་ལུ་ ཞུ་ཡིག་བཙུགས་མི་བསྡོམས་ཀྱི་ ༡༤༧༣ ནང་ལས་ དངུལ་ཁང་ལས་གནང་བ་འཐོབ་མི་ལས་འགུལ་ ༢༦༢ ཡོདཔ་ལས་ དེ་གི་དོན་ལུ་ དངུལ་ཁང་ཚུ་ལུ་ སྐྱིན་འགྲུལ་ཡོངས་བསྡོམས་ དངུལ་ཀྲམ་ས་ཡ་ ༣༩༨ སྤྲོད་ཡོདཔ་ཨིན་པས།
དེ་གི་ཡང་མ་དོ་བར་ དངུལ་ཁང་ཚུ་གིས་ སྐྱིན་འགྲུལ་ལོག་བཏབ་མ་ཚུགས་མི་ལུ་ རྒྱབ་སྐྱོར་འབད་ནི་དོན་ལུ་ རྒྱལ་གཞུང་དངུལ་ལས་དབང་འཛིན་ལུ་ དངུལ་ཀྲམ་ཐེར་འབུམ་ ༢ ལས་ སྔོན་བྱིན་མ་དངུལ་སྦེ་ དངུལ་ཀྲམ་ས་ཡ་ ༧༠ བྱིན་ཡོདཔ་དང་ རིག་རྩལ་གོང་འཕེལ་གྱི་དོན་ལུ་ དངུལ་ཀྲམ་ཐེར་འབུམ་ ༡ བྱིན་ཡོདཔ་ལས་ དངུལ་ཁང་ཚུ་ལུ་ སྐྱིན་འགྲུལ་ཡོངས་རྫོགས་ དངུལ་ཀྲམ་ཐེར་འབུམ་ ༡ དང་ ས་ཡ་ ༤༦༨ སྤྲོད་ཡོདཔ་ཟེར་བཤད་ཡོདཔ་ཨིན།
གྲལ་གཏོགས་འབད་ཡོད་པའི་ དངུལ་འབྲེལ་གཙུག་སྡེ་ཚུ་གིས་ དཔལ་འབྱོར་ལྷན་ཐབས་མ་དངུལ་གྱི་ སྐྱིན་འགྲུལ་དང་འབྲེལ་བའི ཞབས་ཏོག་ཕུལ་ནིའི་དོན་ལུ་ གདོང་ལེན་ སེལ་ཐབས་དང་ སྐྱིན་འགྲུལ་གྱི་སྐྱེད་ཚབ་འདི་ཚུ་ བཏབ་མ་བཏུབ་པའི་ དཀའ་ངལ་ཚུ་ སྔོན་འགོག་འབད་ནིིའི་དོན་ལུ་ ཐབས་ལམ་དང་ཐབས་ཤེས་ ག་ཅི་རང་ སྟོན་དོ་ག་ཟེར་དྲིཝ་ད་ བློན་ཆེན་གྱིས་ འབྲུག་གོང་འཕེལ་དངུལ་ཁང་དང་གྲོས་བསྟུན་འབད་དེ་ དཔལ་འབྱོར་ཡར་དྲགས་བཏང་ནིའི་དོན་ལུ་ སྐྱིན་འགྲུལ་འདི་ག་དེ་མགྱོགས་མགྱོགས་བྱིན་ནི་དང་ སྐྱིན་འགྲུལ་གྱི་སྐྱེད་འདི་ག་དེ་ཉུང་ཉུང་བྱིན་ནི་ཨིན་ཟེར་བཤད་ཡོདཔ་ཨིན། སྐྱིན་འགྲུལ་ཡང་ གཏའམ་བཙུགས་མ་དགོཔ་སྦེ་ སྐྱིན་འགྲུལ་བྱིན་ནི་ཨིནམ་དང་ སྐྱིན་འགྲུལ་གྱི་སྐྱེད་ཚབ་འདི་ཚུ་ བཏབ་མ་བཏུབ་པའི་ དཀའ་ངལ་ཚུ་ སྔོན་འགོག་འབད་ནིའི་དོན་ལུ་ སྐྱིན་འགྲུལ་གྱི་དོན་ལུ་ ལས་འགུལ་ཚུ་གདམ་ཁ་རྐྱབ་དགོཔ་མ་ཚད་ ལས་འགུལ་ཚུ་ལག་ལེན་འཐབ་པའི་སྐབས་ རྟག་ཞིབ་ཚུ་ཞིབ་ཞིབ་སྦེ་འབད་དགོ་པའི་ཁར་ རྩིས་དག་ལེགས་ཤོམ་སྦེ་བཏང་དགོ་ཟེར་བཤད་ཡོད་པའི་གནས་ཚུལ།