གཙང་པོ་གཡུས་ཚན་ནང་ གནམ་གཤིས་འགྱུར་བགྲོད་རིག་པའི་སོ་ནམ་ལས་འགུལ་འགོ་བཙུགས་ཡོདཔ།

གཙང་པོ་གཡུས་ཚན་ནང་ གནམ་གཤིས་འགྱུར་བགྲོད་རིག་པའི་སོ་ནམ་ལས་འགུལ་འགོ་བཙུགས་ཡོདཔ།

བཀྲིས་སྒང་རྗོང་ཁག་ ཁྲིམས་ཤིང་དྲུང་ཁག་འོག་གི་ གཙང་པོ་གཡུས་ཚན་ནང་ གནམ་གཤིས་འགྱུར་བགྲོད་རིག་པའི་སོ་ནམ་ལས་འགུལ་འགོ་བཙུགས་ཡོདཔ་ཨིན་མས། དེ་ཡང་ འཛམ་གླིང་སྤྱི་འགྱུར་དང་ རྒྱལ་ཁབ་ནང་ དཔལ་འབྱོར་གོང་འཕེལ་གྱི་གནས་སྟངས་ དེ་ལས་ གནམ་གཤིས་འགྱུར་བགྲོད་ཀྱི་དཀའ་ངལ་འཐོན་ཡོདཔ་བཞིན་དུ་ དེ་དང་མཐུན་འགྱུར་སྦེ་ལཱ་འབད་ནིའི་དོན་ལུ་ ཡུ་ཨེན་ཌི་པི་གི་ལས་འགུལ་ཆུང་བའི་གྲོགས་རམ་མ་དངུལ་དང་ འབྲུག་གཞུང་མཉམ་འབྲེལ་ཐོག་ལས་ གཡུས་ཚན་ནང་ གནམ་གཤིས་འགྱུར་བགྲོད་རིག་པའི་སོ་ནམ་ལས་འགུལ་ཅིག་འགོ་བཙུགས་ནུག

གཡུས་ཚན་འདི་ མཐའ་ཟུར་ཅིག་ཨིནམ་ད་ གཡུས་ཚན་གྱི་མི་སེར་ཚུ་ འཚོ་བ་གཙོ་བོ་ ཀེ་བ་དང་གེ་ཟ་ལུ་བརྟེན་སྡོད་དོ་ཡོདཔ་ཨིན་རུང་ སོ་ནམ་ཞིང་ལམ་དང་ གློག་མེ་ བརྒྱུད་འཕྲིན་ཞབས་ཏོག་ གཞན་གཞི་རྟེན་མཁོ་ཆས་ག་ར་ ཐོབ་ཡོདཔ་ལས་ གཡུས་ཚན་དེ་ ཡར་རྒྱས་མདུན་དུ་སྤོ་བའི་བསྒང་ཨིན་པས།

འབྲུག་རྒྱལ་ཁབ་ཀྱི་གཡུས་ཚན་མང་ཤོས་ཅིག་ནང་ འཚོ་བའི་གནས་སྟངས་ཡར་དྲག་སོང་རུང་ གདོང་ལེན་སྦོམ་ཤོས་ར་ རི་དྭགས་སེམས་ཅན་གྱིས་ ལོ་ཐོག་ལུ་ གནོད་སྐྱོན་རྐྱབ་མི་དང་ ན་གཞོན་ཚུ་གིས་ སོ་ནམ་གྱི་ལཱ་ལུ་ སྤྲོ་བ་ལེན་མ་བཏུབ་པའི་དཀའ་ངལ་ཚུ་ཐོནམ་བཞིན་དུ་འདུག

གནམ་གཤིས་འགྱུར་བགྲོད་དང་མཐུན་འགྱུར་འབད་དགོཔ་གལ་གནད་ཅན་ཨིནམ་བཞིན་དུ་ གཙང་པོའི་མི་སེར་ཚུ་གིས་ གནམ་གཤིས་འགྱུར་བགྲོད་ཀྱི་ གདོང་ལེན་ལུ་ གྲ་སྒྲི་འབད་དེ་ ཐབས་ལམ་སྣ་ཚོགས་སྟོན་བའི་བསྒང་ཨིན་པས། དེ་ཡང་ གཙང་པོ་གཡུས་ཚན་ སྒྲིབ་ལ་ཟེར་ས་ལུ་ ས་གཞི་བཟའ་སྤྱོད་མ་འབད་བར་ ལོ་ ༣༥ དེམ་ཅིག་ལུས་ཡོད་མི་དེ་ སྤྱི་ལོ་ ༢༠༢༡ ལུ་གནམ་གཤིས་འགྱུར་བགྲོད་རིག་པའི་སོ་ནམ་ལུ་ ལེགས་བཅོད་འབད་ཡོདཔ་ཨིན་པས། 

དེ་ཡང་ མི་སེར་ཚུ་གིས་ གནམ་གཤིས་འགྱུར་བགྲོད་ལུ་ གདོང་ལེན་དང་ མཐུན་འགྱུར་འབད་ནིའི་དོན་ལུ་ གློག་མེ་རཝ་བཙུགས་ རང་མགོ་རང་འདྲོངས་བཟོ་ཐབས་ལུ་ ས་གཞི་ཉམས་བཅོས་འབད་  གནམ་གཤིས་འགྱུར་བ་དང་བསྟུན་སྐྱེ་བཏུབ་པའི་ ཧ་ཟས་ཤིང་དང་ཚོད་བསྲེ་ཚུ་ བཙུགས་ཡོདཔ་ཨིན་པས།

གཡུས་ཚན་ནང་ས་གཞི་ཡོངས་བསྡོམས་ ཨེ་ཀར་ ༦༢ དེམ་ཅིག་གུ་ གློག་མེ་རཝ་བཙུགས་ཡོདཔ་ད་ ཀི་ལོ་མི་ཊར་ ༨་༥ འབད་མི་ གློག་མེ་རཝ་དེ་འགྱིབ་རཝ་ ༣༠༠༠ དེམ་ཅིག་ལག་ལེན་འཐབ་ཡོདཔ་ཨིན་པས།

ལས་འགུལ་གྱི་ཁྲི་འཛིན་ སྐྱེས་ལོ་ ༥༨ འབད་མི་ ཨཔ་བསྐལ་བཟང་ཚེ་རིང་གིས་བཤད་མི་ནང་ ལས་འགུལ་གྱི་སྡེ་ཚན་ནང་ འཐུས་མི་བསྡོམས་ ༨༤ དེམ་ཅིག་ཡོད་རུང་ ད་ལྟོ་ ཧ་ཟས་ཤིང་བཙུགས་མི་ ༢༧ རྐྱངམ་གཅིག་ཡོདཔ་མི་འདི་ ལས་འགུལ་གྱི་འཐུས་མི་ ཞི་གཡོགཔ་འབད་མི་ཚུ་ ལཱ་འབད་བར་ལྷོད་མ་ཚུགས་ནི་དེ་གི་ཨིན་པས། ཨིན་རུང་ ཁོང་ཆ་ཁྱབ་ཀྱིས་ གློག་མེ་རཝ་ནང་འཁོད་ཚུད་མི་ས་གཞི་ཚུ་ སྣང་མེད་སྦེ་བཀོ་མ་བཞག་པར་ ཆ་རོགས་འབད་དོ་ཟེར་བཤདཔ་ཨིན་པས།

ད་ལྟོ་ཚུན་ གློག་མེ་རཝ་གུ་ སྐྱོན་ག་ནི་མེདཔ་ད་ འགོ་ཐོག་གློག་ཐག་ ༨ སྤྲིང་ཡོད་རུང་ ཤཝ་གི་གནོདཔ་བཀལ་མི་ལུ་བརྟེན་ གློག་ཐག་ ༡༡ གུ་ ཡར་སེང་འབད་ཡོདཔ་ད་ ད་རུང་ཧེང་སྐལ་སྤྲིང་ནི་འབདཝ་ད་ རཝ་གི་བདའ་མ་ཟུན་པར་ ལུས་ཡི་ཟེར་ཨཔ་བསྐལ་བཟང་གིས་བཤདཔ་ཨིན་པས།

ལས་འགུལ་གྱི་ས་གནས་སྒྲིབ་ལ་ཚུན་ ཀི་ལོ་མི་ཊར་ ༡་༨  འབད་མི་ སོ་ནམ་ཞིང་ལམ་སྟོན་ཡོདཔ་ད་ ས་གཞི་ཨེ་ཀར་ ༣༡ དེམ་ཅིག་ནང་ ཧ་ཟས་ཤིང་ ༦༨༠༠ དེམ་ཅིག་བཙུགས་ཡོདཔ་ཨིན་པས།                     

དེ་ལས་ ཨེ་ཀར་ ༣ ནང་ སྔར་ལས་བཙུགས་མི་ལོ་ཐོག་ ཀར་དང་ནག་ ཞིམ་རྩི་ཚུ་བཙུགས་ཡོདཔ་ད་ ཤུལ་ལས་ ཨེ་མ་ཡང་བཙུགས་ནུག

སྤྱི་ལོ་ ༢༠༢༢ སྤྱི་ཟླ་ ༧ པའི་ནང་ སོ་ནམ་ཞིང་ལམ་འདི་འཕྱག་འབག་སྟེ་ ཟླཝ་ ༡༡ ལྷབ་ཅིག་འགྱོ་རུང་ ད་ལྟོ་བར་ན་ཡང་ སེལ་མ་ཚུགས་པར་ཡོདཔ་ལས་ རྒེད་འོག་བདག་སྐྱོང་ལུ་ཞུ་བ་ག་དེམ་ཅིག་ཕུལ་རུང་ སེལ་མ་ཚུགས་པར་ཡོདཔ་ཨིན་པས།

མ་གཞི་ ཚོད་བསྲེ་དེ་དང་དེ་བཙུགས་དགོ་ཟེར་མེདཔ་ད་ ཨཔ་བསྐལ་བཟང་གིས་འབད་བ་ཅིན་ ཧ་ཟས་ཤིང་དང་གཅིག་ཁར་ ཨ་ལཱན་ཅི་བཙུགས་ཡི་ཟེར་བཤདཔ་ཨིན་པས། ཧེ་མ་ ས་གཞི་དེ་ཁར་ ཀར་དང་གེ་ཟའི་ཐོན་སྐྱེད་ལེགས་རུང་ མི་སེར་ཚུ་གི་བཟའ་སྤྱོད་མ་འབད་བར་ ནགས་ཚལ་གུ་འགྱུར་ཡི་ཟེར་ཨིན་པས།

དེ་ལས་ འབྲུག་མཐུན་འབྲེལ་ཚོགས་པའི་ སྲིད་འཛིན་འོག་མ་ ཌོག་ཊར་བཅོ་ལྔ་ཚེ་རིང་གིས་ གངས་རི་ཧ་ཟས་ལས་སྡེ་གི་ མདོ་ཆེན་སྦེ་ཕྱག་ཞུ་བའི་སྐབས་ ཡུ་ཨེན་ཌི་པི་ལུ་མ་དངུལ་རྒྱབ་སྐྱོར་གནང་དགོ་པའི་ཞུ་བ་ཕུལཝ་བཞིན་དུ་ གྲོས་འཆར་ཡང་གྲུབ་ནུག

དེ་ཡང་ ཡུ་ཨེན་ཌི་པི་གི་ མ་དངུལ་འབུམ་ ༢༧ དེམ་ཅིག་གནང་མི་འདི་གི་ འབུམ་ ༦ དེམ་ཅིག་ སོ་ནམ་ཞིང་ལམ་སྟོན་ནི་དོན་ལུ་ ལག་ལེན་ཐབས་ཡོདཔ་ད་ ད་ལྟོ་ སོ་ནམ་ཞིང་ལམ་འདི་ རྒེད་འོག་ལུ་རྩིས་སྤྲོད་ཡོདཔ་ཨིན་པས། 

ཨཔ་བསྐལ་བཟང་གིས་བཤད་མི་ནང་ གནམ་གཤིས་འགྱུར་བགྲོད་རིག་པའི་སོ་ནམ་ལས་འགུལ་འགོ་བཙུགས་པའི་སྐབས་ མི་སེར་ཚུ་ གློག་མེ་རཝ་དང་རྩི་ས་ ཆུ་ལ་སོགས་པ་འབག་སྟེ་ གནམ་མེད་ས་མེད་དཀའཝ་སྤྱད་ཡི་ཟེར་ཨིནམ་ད་ ལོ་ལྔ་གི་ཤུལ་ལས་ གྲུབ་འབྲས་ལེགས་ཤོམ་ཐོན་པའི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།

གནམ་གཤིས་འགྱུར་བགྲོད་རིག་པའི་སོ་ནམ་ལས་འགུལ་དེ་ ཁྲིམས་ཤིང་གཡུས་ཚན་ལས་ གུང་པ་ ༤ དང་ གཙང་པོ་ལས་ ༢༣ ཡོངས་བསྡོམས་ གུང་པ་ ༢༧ གྱིས་འགོ་བཙུགས་ཡོད་ད་ བརྒྱ་ཆ་ ༦༧ དེམ་ཅིག་ ཨམ་སྲུ་ཡོདཔ་ཨིན་པའི་གནས་ཚུལ།

བདེ་སྐྱིད་ཆོས་སྒྲོན།

ཞུན་དག༌ སངས༌རྒྱས༌རབ༌བརྟན།