གནམ་དགུན་ནང་ གློག་མེ་ནང་འདྲེན་ ལོག་ལྟབ་ཀྱི་ཡར་སེང་འགྱོ་ནི་ཨིནམ།

གནམ་དགུན་ནང་ འབྲུག་ལུ་གློག་མེ་ནང་འདྲེན་འབད་ནིའི་དེ་ ལོག་ལྟབ་ཀྱི་ཡར་སེང་འགྱོ་ནིའི་ཨིན་མས། རྒྱལ་ཁབ་ནང་ སྤྱི་ལོ་ ༢༠༢༢ སྤྱི་ཟླ་ ༡ པ་ལས་ སྤྱི་ཟླ་ ༣ པ་ཚུན་ གློག་ཤུགས་མེ་ག་ཝཊ་ ༢༤༠ དེམ་ཅིག་ ཉོ་ཡོདཔ་ད་ དུས་ཅིའི་ལོ་ནང་ བརྡ་སྟོན་ཚད་རྩིས་ལྟར་དུ་འབད་བ་ཅིན་ གློག་ཤུགས་མེ་ག་ཝཊ་ ༥༠༠ དེམ་ཅིག་ཉོ་དགོ་ནི་སྦེ་ ཚོད་རྩིས་བཏོན་ཡོདཔ་ཨིན་མས།

བརྡ་སྟོན་ཚད་རྩིས་དང་འཁྲིལ་བ་ཅིན་ རྒྱལ་ཁབ་ནང་གློག་མེ་མཁོ་འདོད་དེ་ གློག་མེའི་དགོས་མཁོ་ ཡར་སེང་འགྱོ་དོ་ཡོད་པའི་བརྡ་མཚོན་བཏོན་དོ་ཨིནམ་ད་ ན་ཧིང་གི་ལོ་དང་ཕྱེདཔ་ད་ གློག་ཤུགས་མེ་ག་ཝཊ་ ༢༦༠ དེམ་ཅིག་གི་ འཐེབ་མཁོ་སྒྲུབ་འབད་དགོ་ནིའི་ཨིན་མས།

འབྲུག་སླར་འབྱུང་གློག་མེ་ལས་འཛིན་ཚད་ཡིག་ཚང་གི་ ལས་བྱེདཔ་ཅིག་གིས་སླབ་མིའི་ནང་ གློག་མེ་གི་དགོས་མཁོ་ཡར་སེང་སོང་ཡོདཔ་ལས་ འབྲུག་ལུ་ སྤྱི་ལོ་ ༢༠༢༢ སྤྱི་ཟླ་ ༡ པ་ལས་འགོ་བཟུང་ རྒྱ་གར་རྒྱལ་ཁབ་ལས་ གློག་མེ་ནང་འདྲེན་འབད་ནིའི་འགོ་བཙུགས་ཡི་ཟེར་ཨིན་མས། དེ་ཡང་ གནམ་དགུན་གྱི་སྐབས་སུ་ ནང་འདྲེན་འབད་དགོ་དོ་ཨིན་མས།

གློག་མེའི་གོང་ཚད་དེ་ ཡར་མར་འགྱོ་དོ་ཨིནམ་ལས་ ཡིག་ཚང་ལས་བྱེདཔ་ཀྱི་འབད་བ་ཅིན་ གློག་མེ་ནང་འདྲེན་ནང་ གོང་ཚད་ག་དེམ་ཅིག་གནས་ནིའི་ཨིན་ན་ བརྟན་བརྟན་སླབ་མི་ཚུགས་སྦེ་ཟེར་ཨིན་མས། ཨིན་རུང་ནང་འདྲེན་འབད་བའི་གློག་མེ་ལུ་ རིན་གོང་ གློག་ཤུགས་ཀི་ལོ་ཝཊ་རེ་ལུ་ དངུལ་ཀྲམ་ ༤ དང་ ༦ གི་བར་ན་ གནས་ནིའི་ཨིན་མས།

དེ་ལས་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་ཚད་ཡིག་ཚང་གི་ ལས་བྱེདཔ་གིས་སླབ་མིའི་ནང་ གཙང་ཆུའི་བབས་ཤུགས་དང་ ནང་འཁོད་ཀྱི་གློག་མེ་གི་ དགོ་མཁོ་དང་བསྟུན་ གློག་མེ་ནང་འདྲེན་འདི་ སྤྱི་ཟླ་ ༤ པ་ཚུན་ འབད་དགོ་ནི་བཟུམ་ཡོདཔ་ད་ དེ་གིས་ གློག་མེ་ནང་འདྲེན་དེ་ ལོག་ལྟབ་ ཀྱི་ ཡར་སེང་འགྱོ་ནིའི་མས་ཟེར་བཤད་ཅི།

སྤྱི་ལོ་ ༢༠༢༣ སྤྱི་ཟླ་ ༡ པ་ནང་ རྒྱལ་ཁབ་ནང་ རྒྱ་གར་གློག་མེ་ནུས་ཤུགས་སྤྲོད་ལེན་སྡེ་ཚན་ལས་ གློག་གི་ནུས་ཤུགས་ ༨༨ དེམ་ཅིག་ཉོ་ཡོདཔ་ཨིན་མས། དེ་ཡང་ གློག་མེ་གི་ ནུས་ཤུགས་ཚད་རེ་ལུ་ དངུལ་ཀྲམ་ ༣་༣ རེ་སྤྲོད་དེ་ ཡོངས་བསྡོམས་དངུལ་ཀྲམ་ ས་ཡ་ ༢༩༢ གནས་པའི་ གློག་མེ་ནང་འདྲེན་འབད་ཡོདཔ་ཨིན་མས། དུས་ཅིའི་ལོ་ནང་ སྤྱི་ཟླ་༡ པའི་གློག་མེ་དགོ་མཁོ་དང་བསྟུན་ རོབ་རྩིས་བཏོན་མིའི་ནང་  ནང་འདྲེན་གྱི་རིན་གོང་དེ་ དངུལ་ཀྲམ་ ཐེར་འབུམ་ ༡་༦ དེམ་ཅིག་གནས་ནི་ཨིན་མས།

དེ་ལུ་ གློག་མེ་སྤོ་བཤུད་དང་ གྱོང་རྒུད་ཀྱི་གླ་ཆ་དང་ དེ་ལས་ ཚོང་སྒྱུར་གྱི་ཁེབ་ས་ གླ་འཐུས་དང་ སྤྱོད་མི་གླ་ཆ་ཚུ་རྩིསཝ་ད་ ནུས་ཤུགས་ཀྱི་ཚད་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་ ༤་༡༤ དེ་རེ་གནས་ནིའི་ཨིན་མས། རྒྱ་གར་གློག་མེ་ནུས་ཤུགས་སྤྲོད་ལེན་སྡེ་ཚན་གྱི་ ཉོག་སེལ་ལས་སྡེའི་གོང་ཚད་འབད་བ་ཅིན་ ཟླ་ངོ་གཅིག་ནང་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་ ༦་༡༧ དེ་རེ་ཨིན་མས། ཨིན་རུང་གཞུང་གིས་ རྒྱ་གར་གློག་མེ་ནུས་ཤུགས་སྤྲོད་ལེན་སྡེ་ཚན་ལས་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་ ༣་༣༢ དེམ་ཅིག་ནང་ མཁོ་སྒྲུབ་ཀྱི་གོང་ཚད་སྦེ་གྲོས་མཐུན་འབད་ཡོདཔ་ཨིན་མས།

འབྲུག་སླར་འབྱུང་གློག་མེ་ལས་འཛིན་ཚད་ཡིག་ཚང་གི་མདོ་ཆེན་དྲགས་ཤོས་ཚེ་དབང་རིག་འཛིན་གྱིས་སླབ་མིའི་ནང་ ད་ལྟོ་རྐྱབ་པའི་སྒང་ཡོད་མི་ གློག་མེ་འཕྲུལ་ཁང་ཆེ་བ་ ༢ བཟོ་མ་ཚརཝ་ཚུན་ཚོད་ རྒྱལ་ཁབ་ནང་ གློག་མེ་ནང་འདྲེན་འབད་ནིའི་དེ་ མ་འོངས་པའི་ལོ་ངོ་དག་པ་ཅིག་ཡར་སེང་འགྱོ་དེ་ར་ སྡོད་འོང་ཟེར་ཨིན་མས། མདོ་ཆེན་གྱིས་འབད་བ་ཅིན་ དེ་ལུ་ཐབས་ལམ་གཞན་དེ་ ཉི་དྲོད་ཀྱི་གློག་མེ་ ལག་ལེན་འཐབ་ནིའི་དེ་ཨིན་ཟེར་བཤད་ཅི།

རྒྱལ་ཁབ་ནང་ གློག་མེ་རང་མགོ་རང་འདྲོང་སྦེ་བཟོ་ནིའི་ལུ་ གློག་ཤུགས་སྡེ་ཚན་དང་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་ཚད་མཉམ་འབྲེལ་ཐོག་ གློག་ཤུགས་ མེ་ག་ཝཊ་ ༣༠༠ དང ༤༠༠ འི་བར་ན་ཡོད་པའི་ ཉི་དྲོད་ཀྱི་ གློག་མེ་བཟོ་ནིའི་འཆར་གཞི་ཡོད་ཟེར་ཨིན་པའི་གནས་ཚུལ།

སངས་རྒྱས་རབ་བརྟན།