གནམ་གཤིས་འགྱུར་བགྲོད་ཀྱི་སོ་ནམ་རིག་པ་ ཡར་རྒྱས་མདུན་དུ་སྤོ་བའི་བསྒང་།

གནམ་གཤིས་འགྱུར་བགྲོད་ཀྱི་སོ་ནམ་རིག་པ་ ཡར་རྒྱས་མདུན་དུ་སྤོ་བའི་བསྒང་།

སྤྱིར་འཛམ་བུ་གླིང་དང་ ལྷག་པར་དུ་ འབྲུག་རྒྱལ་ཁབ་ནང་ དཔལ་འབྱོར་གོང་འཕེལ་གྱི་གནས་སྟངས་མགྱོགས་དྲགས་སྦེ་ འགྱོ་མི་ལུ་བརྟེན་ གནམ་གཤིས་འགྱུར་བགྲོད་དང་འབྲེལ་བའི་དཀའ་ངལ་མ་འདྲཝ་ལེ་ཤ་ཅིག་ར་འབྱུང་བཞིན་དུ་ཡོདཔ་ཨིན། དེ་གི་གདོང་ལེན་ལུ་ འབྲུག་གཞུང་དང་འབྲེལ་ཡོད་ལས་སྡེ་ཚུ་གིས་ ཐབས་ཤེས་དང་ཁྲིམས་ཡིག་ དེ་ལས་འཆར་གཞི་ཚུ་ བརྩམ་སྟེ་ཡོད།

འབྲུག་རྒྱལ་ཁབ་འདི་ གངས་རི་སྐྱེ་ལྡན་གནས་སྟངས་ནང་ ཆགས་ཡོད་པའི་ཁར་ རྒྱལ་ཁབ་ཆུང་ཀུ་ཨིནམ་ལས་ རང་བཞིན་གནས་སྟངས་ ཀྱི་ དཀའ་ངལ་འབྱུང་ཉེན་ཡོདཔ་མ་ཚད་ ཡུན་བརྟན་གོང་འཕེལ་དང་ མིའི་འཚོ་སྐྱོང་ལུ་གདོང་ལེན་འབྱུངམ་ཨིནམ་ད་ རང་བཞིན་གནས་ སྟངས་དེ་ ཨེ་ཤི་ཡན་ལུང་ཕྱོགས་རྒྱལ་ཁབ་ནང་ གཙང་སྦྲ་ལྡན་པའི་རླུང་མ་དང་ཆུ་ དེ་ལས་ ནགས་ཚལ་ཚུ་ཡོདཔ་ཨིན།

ཡུ་ཨེན་ཌི་པི་གོང་འཕེལ་ལས་རིམ་གྱི་ སྙན་ཞུ་དང་འཁྲིལཝ་ད་ མི་རློབས་བརྒྱ་ཆ་ ༨༠ དེམ་ཅིག་ འཚོ་བ་སོ་ནམ་ལུ་བརྟེན་སྡོད་དོ་ཡོདཔ་ད་ འབྲུག་གཞུང་དང་འབྲེལ་ཡོད་ལས་སྡེ་ཚུ་གིས་ གནམ་གཤིས་འགྱུར་བགྲོད་ལྷན་ཐབས་ལུ་ གནམ་གཤིས་འགྱུར་བགྲོད་སོ་ནམ་རིག་པའི་ ལས་འགུལ་ ལེ་ཤ་ཅིག་འགོ་འདྲེན་ཐབས་ཏེ་འདུག

དཔྱེ་འབད་བ་ཅིན་ ཡུ་ཨེན་ཌི་པི་གི་ལས་འགུལ་ཆུང་བའི་གྲོགས་རམ་མ་དངུལ་དང་ འབྲུག་གཞུང་མཉམ་འབྲེལ་ཐོག་ལས་ ཁྲིམས་ཤིང་དྲུང་ཁག་འོག་གི་ གཙང་པོ་གཡུས་ཚན་ནང་ གནམ་གཤིས་འགྱུར་བགྲོད་རིག་པའི་སོ་ནམ་ལས་འགུལ་ཆུང་བ་ཅིག་འགོ་བཙུགས་ནུག དེ་ཡང་ གཙང་པོ་གཡུས་ཚན་ སྒྲིབ་ལ་ཟེར་ས་ལུ་ ས་གཞི་བཟའ་སྤྱོད་མ་འབད་བར་ལོ་ ༣༥ དེམ་ཅིག་ལུས་ཡོད་མི་དེ་ སྤྱི་ལོ་ ༢༠༢༡ ལུ་གནམ་གཤིས་འགྱུར་བགྲོད་རིག་པའི་སོ་ནམ་ལུ་ ལེགས་བཅོད་འབད་ཡོདཔ་ཨིན་པས།

དེ་ཡང་ མི་སེར་ཚུ་གིས་ གནམ་གཤིས་འགྱུར་བགྲོད་ལུ་གདོང་ལེན་དང་ མཐུན་འགྱུར་འབད་ནིའི་དོན་ལུ་ གློག་མེ་རཝ་བཙུགས་ གནམ་གཤིས་འགྱུར་བ་དང་བསྟུན་ སྐྱེ་བཏུབ་པའི་ཧ་ཟས་ཤིང་དང་ཚོད་བསྲེ་ཚུ་བཙུགས་ཏེ་ རང་མགོ་རང་འདྲོང་བཟོ་ནིའི་དམིགས་གཏད་བསྐྱེད་དོ་ཨིན་པའི་ཁར་ གནས་གཤིས་འགྱུར་བགྲོད་ཀྱི་ གདོང་ལེན་ལུ་ གྲ་སྒྲིག་འབད་དེ་ ཐབས་ལམ་སྣ་ཚོགས་སྟོན་བའི་བསྒང་ཨིན་པས།

སོ་ནམ་དང་སྒོ་ནོར་བློན་པོ་ ཡེ་ཤེས་དཔལ་འབྱོར་གྱིས་གསུངས་མིའི་ནང་ གནམ་གཤིས་འགྱུར་བགྲོད་རིག་པའི་སོ་ནམ་གྱིས་ གནས་གཤིས་འགྱུར་བགྲོད་ལུ་གདོང་ལེན་དང་ མཐུན་འགྱུར་འབད་ནི་རྐྱངམ་གཅིག་མེན་པར་  གཙོ་བོ་ར་སོ་ནམ་པ་ཚུ་ལུ་ མ་དངུལ་གྱི་ཁེ་ཕན་འབྱུང་དགོཔ་དེ་ གལ་ཆེ་བས་ཟེར་་ཨིན་པས།

སོ་ནམ་བློན་པོ་གིས་འབད་བ་ཅིན་ ཧ་ཟས་ཤིང་གིས་ སྲོག་རླུང་ཀར་བོན་མཐུན་འགྱུར་སྦེ་འགྱོ་མ་བཏུབ་མི་དེ་ ཧ་ཟས་ཤིང་འདི་ རྡོག་མ་བཏགས་ནི་མེདཔ་ལས་ ཁུངས་མེདཔ་བཟུམ་ཅིག་མཐོང་མས་ཟེར་ཨིན་པས། དེ་ཡང་ ཧ་ཟས་ཤིང་འདི་ དམངས་གཙོའི་གཞུང་  འགོ་ཐོག་སྐབས་ ས་གནས་གཞུང་དང་མི་སེར་ཚུ་དང་གཅིག་ཁར་ ཤིང་འགྱོ་བཏུབ་མ་བཏུབ་ག་ནི་ཡང་ གྲོས་བསྟུན་མ་འབད་བར་ ཨེཕ་ཌི་ཨའི་གཞི་བཙུགས་འབད་ཞིནམ་ལས་ ཕྲངམ་ཕྲང་སར་ཤིང་བཙུགས་ནི་འགོ་བཙུགས་ནུག་ཟེར་་ཨིན་པས། ཤིང་འདི་ ལོ་གསུམ་གྱི་རྒྱབ་ལས་ རྡོག་མ་བཏགས་འོང་ཟེར་ ལོ་བཅུ་ཐམ་དང་བཅོ་ལྔ་དེམ་ཅིག་འགྱོ་རུང་ རྡོག་མ་བཏགས་ནི་མིན་འདུག་ཟེར་ བློན་པོ་གིས་བཤདཔ་ཨིན་པས།

བློན་པོ་གིས་འབད་བ་ཅིན་ ཧ་ཟས་ཤིང་རྐྱངམ་གཅིག་མེན་པར་ སྤུས་ཚད་དང་ལྡན་པའི་ ཤིང་འབྲས་ཀྱི་རིགས་གཞན་ཚུ་ཡང་ བཙུགས་པ་ཅིན་ གནམ་གཤིས་འགྱུར་བགྲོད་སོ་ནམ་རིག་པ་ལུ་གདོང་ལེན་དང་ མཐུན་འགྱུར་འབད་ཚུགས་པའི་ཁར་ སོ་ནམ་པ་ཚུ་ལུ་ ཁེབ་ས་ཡང་འོང་ནི་མས་ཟེར་ བཤད་ཡོདཔ་ཨིན་པས། དེ་ལས་ འབྲུག་གཞུང་དང་ ཕྱི་རྒྱལ་མ་དངུལ་རྒྱབ་སྐྱོར་ཐོག་ལུ་ སི་ཨེ་ཨར་ཨེལ་ཨི་པི་ཟེར་ སོ་ནམ་ཚོང་བསྒྲགས་དང་བཛོད་བསྲན་ཅན་གྱི་འཚོ་བའི་གནས་སྟངས་གོང་འཕེལ་ལས་རིམ་ཐོག་ འགྱུར་བགྲོད་རིག་པའི་ཞིང་ཆུ་འཕྲུལ་རིག་ལས་འགུལ་ཅིག་ འགོ་བཙུགས་ཡོདཔ་ད་ ད་རེས་ སྤྱི་ཟླ་ ༧ པའི་ནང་ལུ་ བི་ཨར་ཨི་སི་ཨེས་ཨེ་ཟེར་ སོ་ནམ་ཚོང་བསྒྲགས་ཆུང་བཛོད་བསྲན་བཟོ་དོན་ལས་འགུལ་ཅིག་ཡང་ འགོ་བཙུགས་ནི་ཨིན་ཟེར་ བློན་པོ་ ཡེ་ཤེས་དཔལ་འབྱོར་གྱིས་བཤདཔ་ཨིན་པས།

སོ་ནམ་ལས་ཁུངས་ཀྱི་ལྡུམ་ར་རིག་པའི་འགོ་དཔོན་གོངམ་ རིན་ཆེན་དབང་མོ་གིས་བཤད་མི་ནང་ ལོ་ཐོག་ཐོན་ཁུངས་ཡར་དྲག་བཏང་སྟེ་ མིའི་འཚོ་སྐྱོང་ལེགས་བཅོས་འབད་ནི་དང་ ས་ཞིང་ཚུ་གནམ་གཤིས་འགྱུར་བགྲོད་དང་མཐུན་འགྲིགས་བཟོ་སྟེ་ འཛམ་གླིང་དྲོད་ཡར་འཕར་གྱི་གནོད་པ་ བཀག་ཆ་འབད་ཚུགས་མི་ཅིག་ལུ་ གནམ་གཤིས་འགྱུར་བགྲོད་རིག་པའི་སོ་ནམ་ལུ་གོཝ་ཨིན་ཟེར་ བཤདཔ་ཨིན་པས།

འབྲུག་གཞུང་དང་ འབྲེལ་ཡོད་ལས་སྡེ་ཚུ་གིས་ བསིལ་དྲོད་གནས་སྟངས་དང་འབྲེལ་བའི་ ཞིབ་འཚོལ་དང་ གནམ་གཤིས་འགྱུར་བགྲོད་རིག་པའི་སོ་ནམ་ཡར་དྲག་བཏང་ནིའི་ཐབས་ལམ་ལུ་གཙོ་བོ་བཏོན་དོ་ཨིན་པས། ཨུ་ཨེན་དང་ ལྷོ་ཨེ་ཤི་ཡའི་ལུང་ཕྱོགས་མཐུན་འབྲེལ་ཚོགས་པ་ གཉིས་ཀྱི་ཡང་ ལྷོ་ཨེ་ཤི་ཡ་ལུང་ཕྱོགས་ཀྱི་རྒྱལ་ཁབ་ཚུ་ གནམ་གཤིས་འགྱུར་བགྲོད་་སོ་ནམ་རིག་པ་ཡར་དྲག་བཏང་དགོ་པའི་ གྲོས་བཤད་འབདཝ་དོ་ཟེར་ ལྡུམ་ར་རིག་པའི་འགོ་དཔོན་གོངམ་ རིན་ཆེན་དབང་མོ་གིས་བཤདཔ་ཨིན་པས།

ད་རུང་མོ་གིས་འབད་བ་ཅིན་ འབྲུག་གཞུང་དང་ ཕྱི་རྒྱལ་མ་དངུལ་རྒྱབ་སྐྱོར་ཐོག་ལས་ གནམ་གཤིས་འགྱུར་བགྲོད་སོ་ནམ་རིག་པ་གི་ འཕྲུལ་རིག་ཡར་དྲག་བཏང་ནི་ལུ་ གཙོ་བོ་བཏོན་དོ་ཟེར་ བཤདཔ་ཨིན་པས།

སོ་ནམ་ལས་ཁུངས་ཀྱི་ སྙན་ཞུ་དང་འཁྲིལཝ་ད་ གནམ་གཤིས་འགྱུར་བགྲོད་སོ་ནམ་རིག་པ་འདི་  ཨེས་ཨེ་པི་ཨེ་ ལས་སྡེའི་མཐུན་འགྱུར་ལས་འཆར་ ༢༠༡༦ དང་ ཨེན་ཨེ་པི་ཟེར་ རྒྱལ་ཡོངས་མཐུན་འགྱུར་འཆར་ཐོག་ལས་ ལཱ་འབད་ཡོདཔ་ད་ ལས་འགུལ་ཡང་ སི་ཨེས་ཡུ་སི་ཨེས་ཨི་ཨེས་ཟེར་ ལྷོ་ཨེ་ཤ་ཡ་ནང་གནམ་གཤིས་འགྱུར་བགྲོད་སོ་ནམ་རིག་པའི་གོང་འཕེལ་མཐུན་ཚོགས་དང་ ཨེཕ་ཨེས་ཨེས་ཨེ་པི་ སོ་ནམ་འཕྲུལ་རིག་གོང་འཕེལ་ལས་འགུལ་ ཇི་སི་ཨེཕ་ གནམ་གཤིས་སྔོ་ལྗང་གི་མ་ཐངུལ་དང་ སི་ཨེ་ཨར་ཨེལ་ཨི་པི བི་ཨར་ཨི་སི་ཨེས་ཨེ་ཟེར་བའི་ གནམ་གཤིས་འགྱུར་བགྲོད་རིག་པའི་ལས་འགུལ་ཆུང་བ་ཚུ་ འབད་བའི་བསྒང་ཡོདཔ་ཨིན་པས།

རང་འབྱུང་འཐོན་བསྐྱེད་མཐོ་རིམ་སློབ་གྲྭའི་ སོ་ནམ་ལས་ཁུངས་ཀྱི་ ལས་རིམ་འགོ་ཁྲིདཔ་བསྟོན་འཛིན་དབང་ཕྱུག་གིས་འབད་བ་ཅིན་ ཡར་རྒྱས་མདུན་དུ་སྤོ་བའི་བསྒང་ཨིན་པའི་ འབྲུག་རྒྱལ་ཁབ་བཟུམ་ནང་ གནམ་གཤིས་འགྱུར་བགྲོད་རིག་པའི་སོ་ནམ་གྱི་ ཐབས་ལམ་དྲག་ཤོས་དེ་ ཆར་དཀོན་མཐུན་འགྱུར་ཨིན་པའི་ལོ་ཐོག་དང་ ཞིང་ཆུ་འཛིན་སྐྱོང་ཐབས་ནི་ དེ་ལས་ ལོ་ཐོག་སྣ་ཚོགས་ཚུ་བཙུགས་དགོ་ཟེར་བཤདཔ་ཨིན་པས།

ད་རུང་ རང་འབྱུང་འཐོན་བསྐྱེད་མཐོ་རིམ་སློབ་གྲྭའི་ ཌོག་ཊར་ རེ་ཁ་ཆེ་ཏི་རི་ གིས་འབད་བ་ཅིན་ གནམ་གཤིས་འགྱུར་བགྲོད་ཀྱི་སོ་ནམ་རིག་པ་གི་ ལུང་ཕྱོགས་དང་རྒྱལ་སྤྱིའི་ཐབས་ཤེས་དྲག་ཤོས་འདི་ སོ་ནམ་པ་ཚུ་གིས་ སོན་བསྡུ་བཞག་ནི་དང་ འབྲེལ་མཐུན་དང་ རིག་རྩལ་ལྡན་པའི་ཞིང་ལཱ་ དེ་ལས་ ཡུན་བརྟན་གྱི་ཞིང་ལཱ་ཚུ་འབད་དགོ་ཟེར་ བཤད་ཡོད་པའི་གནས་ཚུལ།

གནས་ཚུལ་འདི་ ཨུ་ཨེན་ཌི་པི་ལས་འགུལ་ཆུང་བའི གྲོགས་རམ་མ་དངུལ་དང་འབྲུག་གཞུང་མཉམ་འབྲེལ་ཐོག་ལས་ འབྲུག་བརྡ་བརྒྱུད་གཞི་ཚོགས་ཀྱིས་རྒྱབ་སྐྱོར་འབད་ཡོདཔ་ཨིན།

བདེ་སྐྱིད་ཆོས་སྒྲོན།

གནམ་གཤིས་འགྱུར་བགྲོད་ཀྱི་སོ་ནམ་རིག་པ་ ཡར་རྒྱས་མདུན་དུ་སྤོ་བའི་བསྒང་།