ཁྲིམས་མཐུན་དབང་ཆ་མེདཔ་ལས་ གྲོང་སྡེ་ལས་ཚོགས་ལུ་གདོང་ལེན།

ད་ལྟོ་བར་ན་ཡང་ འབྲུག་རྒྱལ་ཁབ་ནང་ གྲོང་སྡེ་ལས་ཚོགས་ཀྱི་དོན་ལུ་ ཁྲིམས་མཐུན་ལམ་ལུགས་ཅིག་མེདཔ་ཨིན་མས། གྲོང་སྡེ་ལས་ཚོགས་འདི་ མི་སྡེ་གི་བདེ་སྡུག་ཚུ་ཡར་དྲག་གཏང་ནིའི་དོན་ལུ་ མི་སེར་སྤྱིར་བཏང་སྡེ་ཚན་གྱིས་ མི་སྡེ་ནང་འཁོད་ནང་ འཛིན་སྐྱོང་འབད་སྡོད་མི་ཅིག་ལུ་ དགོ་ནི་ཨིན་མས།

གྲོང་སྡེ་ལས་ཚོགས་ཀྱི་དོན་ལུ་ ཁྲིམས་དོན་ལམ་ལུགས་ཅིག་ཡོད་པ་ཅིན་ རྒྱལ་ཁམས་ཀྱི་མཉམ་འབྲེལ་ལས་སྡེའི་ཁྲིམས་ལུགས་ཚུ་ ལྟ་རྟོག་འབད་ཚུགས་ནི་ ཨིནམ་མ་ཚད་ རྩིས་བཏོན་དབྱེ་ཞིབ་དང་ རྒྱབ་སྣོན་འབད་ནི་ལུ་ཡང་ཁེ་ཕན་འབྱུང་ནི་ཨིན་མས། དེ་ལས་ ལས་ཚོགས་ཚུ་ལུ་ རྒྱབ་སྐྱོར་དང་ ངོས་ལེན་ འབད་དེ་ ལེགས་བཅོས་འབད་ནིའི་ལུ་ཁེ་ཕན་འོང་ནི་ཨིན་མས།

འབྲུག་ལུ་ གཞུང་མིན་ཚོགས་པ་དང་ ཁས་བླངས་ཞབས་ཏོག་ཚུ་ སྔར་སྲོལ་ནང་པའི་ཆོས་ལུགས་དང་འཁྲིལ་ཏེ་འཛིན་སྐྱོང་འབདཝ་མ་གཏོགས་ ཁྲིམས་ལྡན་ གྱི་ལམ་ལུགས་དང་འཁྲིལ་ཏེ་ འབད་ནི་མེདཔ་ཨིན་མས། དེ་ལས་ རྒྱལ་ཁབ་ནང་ ཞི་བའི་ལས་ཚོགས་དང་ མཉམ་འབྲེལ་ལས་ཚོགས་ གྲོང་སྡེ་ལས་ཚོགས་ཚུ་ ཡར་སེང་འགྱོ་དོ་ཨིན་མས།

གྲོང་སྡེ་ལས་ཚོགས་ཀྱིས་ མི་སྡེའི་གནས་སྟངས་དང་ རང་མགོ་རང་འདྲོང་ དེ་ལས་ཡུན་བརྟན་གོང་འཕེལ་གྱི་དམིགས་དོན་འགྲུབ་ནིའི་ལུ་ ལྷན་ཐབས་ འབྱུང་དོ་ཨིན་རུང་ འབྲུག་ལུ་གྲོང་སྡེའི་ལས་ཚོགས་ཚུ་གི་དོན་ལུ་ ཁྲིམས་མཐུན་དབང་ཆ་ཅིག་མེདཔ་ལས་ ལཱ་འབད་ནིའི་ལུ་ ཐོགས་ལུས་དོ་ཡོདཔ་ཨིན་ མས། དེ་ཡང་ ཁྲིམས་མཐུན་དབང་ཆ་མེདཔ་ལས་ མ་འོངས་པ་ལུ་ ཁྲིམས་འགལ་དཀའ་རྙོག་འབྱུང་སྲིད་པའི་ འཇིགས་སྣང་ལུ་བརྟེན་ གྲོང་སྡེའི་ལས་ཚོགས་ ཚུ་ སྒོ་བསྡམ་བཞག་དགོཔ་དང་ ཡང་ན་ མཚམས་འཇོག་འབད་དགོཔ་འཐོན་ཡོདཔ་ཨིན་མས།

དེ་བཟུམ་མའི་གནས་སྟངས་ལུ་ཐུག་མི་གཅིག་འདི་ གསར་སྤང་རྫོང་ཁག་ ཆུ་ཟངས་སྒང་རྒེད་འོག་ནང་ཡོད་པའི་ ཆུ་ཟངས་སྒང་མ་དངུལ་གསོག་འཇོག་ ཚོགས་པ་འདི་ཨིན་མས། ཚོགས་པ་འདི་ མི་སྡེ་ནང་ འཚོ་བའི་གནས་སྟངས་ཡར་དྲག་གཏང་ནིའི་དོན་ལུ་ སྤྱི་ལོ་ ༢༠༠༤ ལུ་ གྲོང་སྡེ་ལས་ཚོགས་བཟུམ་ཅིག་ སྦེ་ གཞི་བཙུགས་འབད་ཡོདཔ་ཨིན་མས། གྲོང་སྡེ་ལས་ཚོགས་ཀྱིས་ མི་སྡེ་ནང་ སོ་ནམ་ཐོན་སྐྱེད་ཚུ་ ཚོང་བསྒྱུར་གྱི་གནས་ཚད་ནང་ སྤོ་ནིའི་དོན་ལུ་ གཡུས་ཁའི་ སོ་ནམ་པ་ཚུ་ལུ་ སྐྱིན་འགྲུལ་བྱིན་ནི་དང་ དངུལ་གསོག་འཇོག་འབད་ནིའི་ལུ་ རྒྱབ་སྐྱོར་འབད་དེ་ཡོདཔ་ཨིན་མས། གྲོང་སྡེ་ལས་ཚོགས་འདི་ ཡིག་ཚང་ཅིག་ཡང་བརྟན་ཏོག་ཏོ་མེད་པར་ འཐུས་མི་ཚུ་གིས་ཁྱིམ་ནང་ལས་སྦེ་ ལཱ་འབད་སྡོད་ཡོདཔ་ཨིན་མས།

དེ་ཡང་ རིམ་གྱིས་སྦེ་ ས་གནས་བདག་སྐྱོང་གིས་ མི་མང་གི་བདེ་སྡུག་བསལ་ནིའི་མཐུན་རྐྱེན་སྦྱར་ཐབས་ལུ་དམིགས་གཏད་བསྐྱེད་དེ་ སོ་ནམ་རྒྱ་སྐྱེད་ཡིག་ ཚང་གིས་ ཆུ་ཟངས་སྒང་རྒེད་འོག་འོག་ལུ་ཡོད་པའི་ སྤྱི་འོག་ ༩ གི་ མི་སེར་ཚུ་ལུ་ སྦྱོང་བརྡར་སྤྲོད་ཡོདཔ་ཨིན་མས། དེ་སྐབས་སུ་ མི་སེར་སོ་ནམ་པ་ཚུ་ལུ་ ཁོང་རའི་ འཚོ་བའི་གནས་སྟངས་ཡར་རྒྱས་གཏང་ནི་དོན་ལུ་ སོ་ནམ་མཉམ་འབྲེལ་སྡེ་ཚན་བཟོ་ནིའི་ལུ་ སེམས་ཤུགས་བསྐྱེད་བཅུག་ཡོདཔ་ཨིན་མས།

ལས་རིམ་དེ་གིས་ བློ་སྤོབས་བསྐྱེད་དེ་ མི་སེར་སོ་ནམ་པ་ ༥༠ དེམ་ཅིག་གིས་ སྦྱོང་བརྡར་ནང་བཅའ་མར་གཏོགས་མི་གྲལ་ལས་ མི་གྲངས་ ༡༣ དེམ་ཅིག་ གིས་ དངུལ་གསོག་འཇོག་སྡེ་ཚན་གཞི་བཙུགས་འབད་ནིའི་ལུ་ འཁོན་འཆམ་བྱུང་ཡོདཔ་ཨིན་མས། དངུལ་གསོག་འཇོག་ཚོགས་པ་འདི་ འགོ་ཐོག་དང་པ་ གཞི་བཙུགས་འབདཝ་ད་ འཐུས་མི་ཕོ་སྐྱེས་ ༦ དང་ ཨམ་སྲུ་ ༥ ཡོདཔ་ཨིན་མས། སྡེ་ཚན་གིས་འཐུས་མི་ཚུ་གིས་ ཟླཝ་རེ་ནང་ འཐུས་ དངུལ་ཀྲམ་ ༥༠ རེ་ བཙུགས་ཡོདཔ་ད་ ཤུལ་ལས་ ཁེ་ཕན་མངམ་འབྱུང་ནིའི་དོན་ལུ་ ཟླ་འཐུས་ དངུལ་ཀྲམ་ ༡༠༠ རེ་ བཙུགས་དགོཔ་སྦེ་ བཟོ་ཡོདཔ་ཨིན་མས།

སྡེ་ཚན་འདི་ཤུལ་ལས་ སྤྱི་ལོ་ ༢༠༠༩ ལུ་ བསྐྱར་ཞིབ་འབད་དེ་ འབྲེལ་བ་ཡོད་པའི་ཡིག་ཚང་ལས་ ཐོ་བཀོད་འབད་ནིའི་ལུ་ ཐབས་ཤེས་གཏང་ཡོདཔ་ ཨིན་རུང་ ཐོ་བཀོད་མ་བསྒྲུབ་ཨིན་མས།

ཆུ་ཟངས་སྒང་དངུལ་གསོག་འཇོག་ཚོགས་པ་གཞི་བཙུགས་འབད་ཞིནམ་ལས་ གཡུས་ཁའི་མི་སེར་ཚུ་ལུ་ མཐོ་ཤོས་ར་ མི་རེ་ལུ་དངུལ་ཀྲམ་ ༡༠༠༠ ཚུན་ཚོད་ སྐྱིན་འགྲུལ་བྱིན་ཡོདཔ་ཨིན་མས། སྐྱིན་འགྲུལ་གྱི་སྐྱེད་ཚད་ཡང་ འབྲུག་གོང་འཕེལ་དངུལ་ཁང་གི་སྐྱེད་ཚད་དང་འདྲན་འདྲ་སྦེ་བྱིན་ཡོདཔ་ཨིན་མས།

ད་རིས་གྲོང་སྡེ་ལས་ཚོགས་ཀྱི་གནས་སྟངས་སྐོར་ལས་ ཆུ་ཟངས་སྒང་དངུལ་གསོག་འཇོག་ཚོགས་པའི་ཁྲི་འཛིན་ ཨམ་དབྱངས་འཛོམས་ཀྱིས་སླབ་མིའི་ནང་ ཚོགས་པ་དེ་ ག་ནི་ཡང་འབད་མ་ཤེས་པའི་གནས་སྟངས་ནང་ཡོད་ཟེར་ཨིན་མས། མོ་གིས་སླབ་མིའི་ནང་ སྡེ་ཚན་ནང་ ཤེས་ཡོན་དང་འཇོན་ཐང་ཅན་གྱི་ མི་སྟོབས་མེདཔ་མ་ཚད་ ཁྲིམས་མཐུན་དབང་ཆ་ཅིག་མེདཔ་ལས་ ལཱ་འཕྲོ་མཐུད་དེ་ འབད་མ་ཚུགས་ཟེར་ཨིན་མས།

ཁྲི་འཛིན་གྱིས་འབད་བ་ཅིན་ སྡེ་ཚན་ནང་ ཤེས་ཚད་ལྡན་པའི་མི་སྟོབས་ཡོད་པ་ཅིན་ མཐར་འཁྱོལ་ཅན་ཅིག་སྦེ་འགྱོ་འགྱོཝ་འོང་ཟེར་ཨིན་མས། ཨིན་རུང་ འཛིན་སྐྱོང་ལམ་ལུགས་ཅིག་ལེགས་ཤོམ་མེད་པའི་ཁར་ འབྲེལ་བ་ཡོད་པའི་ལས་ཁུངས་ཚུ་གིས་ རྒྱབ་སྐྱོར་ཡང་མ་འབད་ཟེར་ཨིན་མས།

སྡེ་ཚན་གྱི་འཐུས་མི་མེན་པའི་མི་ངོམ་ཚུ་ལས་གོ་དོ་བཟུམ་འབད་བ་ཅིན་ མ་དངུལ་དངུལ་ཀྲམ་འབུམ་ ༦ དེམ་ཅིག་ ཚུལ་མིན་གཡོ་སྤྱོད་འབད་ཡོད་པའི་ དོགས་པ་ལུ་བརྟེན་ ཚོགས་པའི་འཐུས་མི་ནང་ན་ར་ མ་འཆམས་པར་ཡོདཔ་ཨིན་མས། ལོ་ངོ་དག་པ་ཅིག་གི་ཧེ་མར་ འཐུས་མི་ཚུ་གིས་བར་ན་ དངུལ་ཀྲམ་ སྟོང་ཕྲག་ ༡༥༠༠༠ དེ་རེ་ བགོ་བཤའ་རྐྱབ་ཡོདཔ་མ་ཚད་ མ་དངུལ་ལྷག་ལུས་ཡང་ བགོ་བཤའ་རྐྱབ་དགོ་པའི་རྙོག་འཛིང་འཐོན་དོ་ཡོདཔ་ཨིན་པས།

དོ་རུང་ མ་དངུལ་གསོག་འཇོག་ཚོགས་པ་ལས་ དངུལ་སྐྱིན་འགྲུལ་ལེན་འབག་མི་ཚུ་གིས་ ད་ལྟོའི་བར་ན་ཡང་ སྐྱིན་མ་མ་བཏབ་པར་ཡོདཔ་ཨིན་མས།

ཆུ་ཟངས་སྒང་དངུལ་གསོག་འཇོག་ཚོགས་པའི་དྲུང་ཆེན་ཉི་མ་གིས་སླབ་མིའི་ནང་ འགོ་ཐོག་དང་པ་ས་གནས་ནང་ གཞི་གསརཔ་ཆགས་པའི་སྐབས་སུ་ སྡེ་ཚན་གྱིས་སྐྱིན་འགྲུལ་ལས་ གཡུས་ཁའི་མི་སེར་ཚུ་ལུ་ ཕན་ཐོགས་བྱུང་ཡི་ཟེར་ཨིནམ་ད་ དེ་ཡང་ སློབ་ཕྲུག་ཨ་ལུ་ཚུའི་ ཡིག་འབྲི་མཁོ་ཆས་དང་ སློབ་གྲྭའི་ སྒྲིག་གོ་ དེ་ལས་ འཐུས་བཏབ་ནིའི་ལུ་ཕན་ཐོགས་བྱུང་ཡི་ཟེར་བཤདཔ་ཨིན་མས།

དོ་རུང་ ཆུ་ཟངས་སྒང་དངུལ་གསོག་འཇོག་ཚོགས་པའི་ དམིགས་གཏད་མདུན་ལམ་སྤོ་ནིའི་དོན་ལུ་ ངོ་སྦྱོར་ཐོབ་ནིའི་དོན་ལུ་ རྒེད་འོག་ཡིག་ཚང་ནང་ བཅར་ཡོད་རུང་ ལག་ཁྱེར་མ་འཐོབ་པས། ཨིན་རུང་སྡེ་ཚན་འདི་ ངོ་སྦྱོར་ཡིག་ཆ་མ་འཐོབ་ཚུན་ཚོད་ ནང་འཁོད་ཀྱི་ སྒྲིག་གཞི་ལམ་སྟོན་དང་འཁྲིལ་ཏེ་ ལཱ་འབད་དགོ་པའི་བཀོད་རྒྱ་བྱིན་ཡོད་ཨིནམ་ད་ དེ་གི་ཤུལ་ལས་ཡང་ ཁྲིམས་བཐུན་དབང་ཆ་མ་འཐོབ་པར་ལུས་ཡོདཔ་ཨིན་མས།

ཚོགས་པའི་ཁྲི་འཛིན་བགྲེསཔ་ ཨཔ་སངས་རྒྱས་ཀྱིས་བཤད་མིའི་ནང་ སྡེ་ཚན་ནང་ ཤེས་ཡོན་ཡོད་པའི་འཐུས་མི་མེདཔ་མ་ཚད་ རྒྱབ་སྐྱོར་ཡང་མ་འཐོབ་ ཟེར་ཨིན་མས། ཁོ་གིས་འབད་རུང་ སྡེ་ཚན་གྱི་འཐུས་མིའི་བར་ན་ མཐུན་ལམ་ལེགས་ཤོམ་ཅིག་མེདཔ་ལས་ ལཱ་འབད་ནིའི་ལུ་ སྤྲོ་བ་ཞན་བཅུག་ཅི་ཟེར་ ཨིན་མས།

སྡེ་ཚན་གྱི་འཐུས་མི་གཞན་ ཉི་མ་རྡོ་རྗེ་གིས་སླབ་མིའི་ནང་ ཁྲི་འཛིན་སོར་ཞིནམ་ལས་ ཟླ་རིམ་འཐུས་ཡང་བཤོལ་བཞག་ཡོདཔ་ད་ ཏི་རུ་བསྐྱི་མི་ཚུ་ གིས་ཡང་ དུས་ཚོད་ཚང་རུང་ ལོག་སྤྲོད་མ་བཏུབ་ཟེར་བཤད་ཅི།

ཤུལ་ལས་ ཆུ་ཟངས་སྒང་དངུལ་གསོག་འཇོག་ཚོགས་པ་གིས་ སོ་ནམ་དང་ནགས་ཚལ་ལྷན་ཁག་གི་རྒྱབ་སྐྱོར་ཐོག་ འཕྲུལ་ཐག་གཉིས་མཁོ་སྒྲུབ་འབད་ཡོད་ མི་དེ་གིས་ འཕྲུལ་ཆས་གཏང་མི་ གླ་ཁར་ལེན་ཏེ་ མི་སྡེ་ནང་ཞབས་ཏོག་གོང་ཚད་རན་ཏོག་ཏོ་ནང་སྤྲོད་ཡོདཔ་ཨིན་མས། ཨིན་རུང་ ཤུལ་ལས་ འོང་འབབ་ ལེགས་ཤོམ་ཅིག་མ་འཐོབ་ལས་ འཕྲུལ་ཆས་གཏང་མི་ལུ་གླ་ཆ་སྤྲོད་མ་ཚུགས་པར་ ནད་ཡམས་ཀྱི་དུས་ཚོད་ལས་འགོ་བཟུང་ འཕྲུལ་ཆས་ཚུ་ བཀོལ་སྤྱོད་ མ་འབད་བར་ ཤ་བ་སྤང་གཡུས་ཚན་ནང་བཞག་ཡོདཔ་ཨིན་མས།

དེ་འབདཝ་ད་ ཆུ་ཟངས་སྒང་སོ་ནམ་རྒྱ་སྐྱེད་འགོ་དཔོན་བཀྲ་ཤིས་ཟླ་བ་གིས་སླབ་མིའི་ནང་ རྒེད་འོག་རྒྱ་སྐྱེད་སྡེ་ཚན་དང་ ལྷག་པར་དུ་ སོ་ནམ་སྡེ་ཚན་ ལས་ མཁོ་འདོད་ཆེ་བའི་རྒྱབ་སྐྱོར་འབད་ཡི་ཟེར་ཨིནམ་ད་ ཆུ་ཟངས་སྒང་དངུལ་གསོག་འཇོག་ཚོགས་པའི་ཐོ་དེབ་དབྱེ་ཞིབ་དང་ དངུལ་རྩིས་ཞིབ་ འབད་དགོ་པའི་དྲན་བསྐུལ་འབདཝ་ད་ ངོས་ལེན་མ་འབད་ཟེར་ཨིན་མས།

སོ་ནམ་རྒྱ་སྐྱེད་འགོ་དཔོན་གིས་འབད་བ་ཅིན་ ཆུ་ཟངས་སྒང་དངུལ་གསོག་འཇོག་ཚོགས་པ་འདི་ གཙོ་བོ་ར་ འཛིན་སྐྱོང་ནང་སྟབས་མ་བདེཝ་ལས་ ལེགས་ ཤོམ་འགྱོ་བཏུབ་ཟེར་སྐྱོན་བརྗོད་འབདཝ་ཨིན་མས།

ཆུ་ཟངས་སྒང་རྒརཔོ་སྐར་མ་ཚེ་རིང་གིས་སླབ་མིའི་ནང་ ཆུ་ཟངས་སྒང་དངུལ་གསོག་འཇོག་ཚོགས་པ་འདི་དཀའ་ངལ་ཅན་གྱི་གནས་སྟངས་ནང་ ཡོད་ཟེར་ ཨིནམ་ད་ ཁོ་ར་ས་གནས་ཀྱི་འགོ་ཁྲིདཔ་གསརཔ་ཨིནམ་ལས་ ག་ནི་ཡང་སླབ་མི་ཤེས་པས་ཟེར་ཨིན་མས། རྒེད་འོག་བདག་སྐྱོང་གིས་བར་འཛུལ་འབད་དེ་ རྒྱབ་སྐྱོར་འབད་དགོ་པ་ཅིན་ ཚོགས་པའི་གནས་སྟངས་འདི་ཤེས་དགོ་ཟེར་བཤདཔ་ཨིན་མས།

ཉི་མ་གླིང་དང་ཤ་བ་སྤང་སྤྱི་འོག་ཚོགས་པ་ ཉི་མ་རྡོ་རྗེ་གིས་འབད་བ་ཅིན་ འཐུས་མི་ཚུ་ལས་ ཡིག་ཐོག་དང་ ཡང་ན་ ངག་ཐོག་ལུ་ རྙོག་བཤད་སྐྱེལ་མི་ ག་ཡང་ མ་འཐོན་ཟེར་ཨིན་མས།

ཆུ་ཟངས་སྒང་དངུལ་གསོག་འཇོག་ཚོགས་པའི་འཐུས་མི་ལ་ལུ་གིས་ མ་དངུལ་ཚུལ་མིན་གཡོ་སྤྱོད་འབད་ཡོད་པའི་རྙོག་བཤད་ རྒེད་འོག་ཡིག་ཚང་ནང་ སྐྱེལ་ཡོད་རུང་ ཁུངས་བདེན་ཅིག་མེདཔ་ལས་ ཕྱིར་འབུད་གཏང་ཡོདཔ་ཨིན་མས།

རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ སྤྱི་ལོ་ ༢༠༡༧ ལུ་ སྒེར་གྱིས་ སྐྱིན་འགྲུལ་བྱིན་ཆོག་པའི་ ཁྲིམས་ཅིག་བཟོ་ཡོད་རུང་ མི་སྡེའི་གྲོང་སྡེ་ལས་ཚོགས་ ཀྱི་དོན་ལུ་ ཁྲིམས་ལོག་སུ་སྦེ་མེདཔ་ཨིན་མས།

ད་རིས་ཚུན་ འབྲུག་ལུ་ གྲོང་སྡེ་ལས་ཚོགས་ཚུ་ གོམ་པ་མདུན་དུ་སྤོ་བཅུག་ནིའི་ ཁྲིམས་ལུགས་ཅིག་མེདཔ་ལས་ མི་སྡེ་ལས་ཚོགས་ ཆུ་ཟངས་སྒང་དངུལ་ གསོག་འཇོག་ཚོགས་པ་བཟུམ་སྦེ་ ངོ་སྦྱོར་འཐོབ་ནིའི་དོན་ལུ་ གདོང་ལེན་བྱུང་ནི་ཨིན་པའི་གནས་ཚུལ།

གནས་ཚུལ་འདི་ འབྲུག་བརྡ་བརྒྱུད་གཞི་ཚོགས་ཀྱིས་མ་དངུལ་རྒྱབ་སྐྱོར་ཐོག་ པར་སྐྲུན་འབདཝ་ཨིན།

སངས་རྒྱས་རབ་བརྟན།