ཁྲལ་རིགས་བསྐྱར་བཟོ་འབད་ཡོདཔ་ལས་ ཅ་ནམ་རིགས་གོང་ཚད་ཡར་སེང་འགྱོ་ནི་ཨིནམ།

འཕྲལ་ཁམས་ཅིག་ཁར་ གཞུང་གིས་ ཁྲལ་རིགས་བསྐྱར་བཟོ་འབད་ཡོདཔ་ལས་ ཅ་ནམ་གྱི་རིགས་ཚུ་ གོང་ཚད་ཡར་སེང་འགྱོ་ནི་ཨིན་མས། དེ་ཡང་ ཅ་དམ་དང་ཅ་ཁྲལ་ ཚོང་སྒྱུར་ དེ་ལས་ སྔོ་ལྗང་གི་ཁྲལ་རིགས་ཚུ་ བསྐྱར་བཟོ་འབད་ཡོདཔ་ཨིན་མས། ཁྲལ་རིགས་བསྐྱར་བཟོ་འབད་ཡོད་པའི་ གསལ་བསྒྲགས་ཡང་ དངུལ་རྩིས་ལྷན་ཁག་གིས་ སྤྱི་ཟླ་དེ་ཡི་སྤྱི་ཚེས་ ༨ ལུ་ འབད་ཡོདཔ་ཨིན་མས།

མི་མང་གིས་ ཁྲལ་རིགས་བསྐྱར་བཟོ་འབད་ཡོད་པའི་གནས་ཚུལ་གོ་བའི་ཤུལ་ལས་ དུས་རྒྱུན་གྱི་ཉེར་སྤྱོད་མཁོ་ཆས་ཚུ་ ཧེ་མའི་གོང་ཚད་གུ་ མཁོ་སྒྲུབ་ འབད་བཞག་ནིའི་དོན་ལུ་ ཚོང་ཁང་ནང་ལས་ཕར་འགྱོཝ་ད་ ཚོང་པ་ཚུ་གིས་ཅ་ནམ་རིགས་དག་པ་ཅིག་གི་ གོང་ཚད་ཡར་སེང་ འབད་དེ་ཡོདཔ་ཨིན་མས།

དེ་ཡི་སྐོར་ལས་ ཐིམ་ཕུག་ལུ་སྒེར་སྡེ་ནང་ལཱ་འབད་མི་ཅིག་ཨིན་མི་ བསོད་ནམས་ཀྱིས་སླབ་མིའི་ནང་ བཟའ་ཆས་ཀྱི་གོང་ཚད་ཚུ་ཡར་འཛེག་ནུག་ཟེར་ཨིན་མས། ཁོ་གིས་འབད་བ་ཅིན་ ཧེ་མ་ཆུམ་ཀེ་ཇི་ ༢༥ འབད་མི་ དངུལ་ཀྲམ་ ༡,༠༨༠ འབད་མི་ལུ་ ད་ལྟོ་དངུལ་ཀྲམ་ ༡,༢༥༠ སླབ་མས་ཟེར་བཤད་ཅི། དེ་ལུ་ ཁོ་གིས་ འབད་བ་ཅིན་ གོང་ཚད་ཡར་འཛེག་རུང་ ཚོང་ཉོ་མི་ཅིག་ཨིནམ་ལས་ བྱ་ཐབས་གཞན་མེད་པར་ཉོ་དགོཔ་འཐོན་མས་ཟེར་ཨིན་མས།

དོ་རུང་ ཚོང་ཉོ་མི་གཞན་མི་ཅིག་གིས་སླབ་མིའི་ནང་ ཧེ་མ་དངུལ་ཀྲམ་ ༩༠ གནས་མི་ ཏམ་ཁུ་སྒམ་ཆུང་ཀུ་ཅིག་ན་ར་ ད་ལྟོ་ ༡༩༠ དེམ་ཅིག་སླབ་མས་ ཟེར་ཨིན་མས། ཚོང་ཉོ་མི་གིས་འབད་བ་ཅིན་ ཁྲལ་རིགས་བསྐྱར་བཟོ་འབད་ཡོད་མི་ལམ་ལུགས་དེ་ ད་ལྟོ་ལས་ར་ བསྟར་སྤྱོད་འབད་ནི་ འགོ་བཙུགས་ནུག་ ཟེར་ཨིན་མས།

དེ་བཟུམ་སྦེ་ ཕུན་ཚོགས་གླིང་ལས་ ཚོང་ཉོ་མི་གཞན་མི་ཅིག་གིས་ སླབ་མིའི་ནང་ ཁྲལ་རིགས་བསྐྱར་བཟོ་འབད་ཡོདཔ་ལས་ ཁབ་ཟས་དང་ ཁ་ཟས་ལག་ཟས་རིགས་ཚུ་ལུ་ དངུལ་ཀྲམ་ ༡༠ དང་ ༡༥ དེམ་ཅིག་ ཡར་སེང་འགྱོ་ནུག་ཟེར་ཨིན་མས། དེ་ཡང་ ཧེ་མ་ དངུལ་ཀྲམ་ ༢༥ འབད་མི་ ཀོ་ཀ་སྒམ་གཅིག་ལུ་ ད་ལྟོ་ དངུལ་ཀྲམ་ ༣༥ དེམ་ཅིག་སླབ་དོ་ཨིན་མས། དེ་ལས་ མངར་ཆུའི་རིགས་ཚུ་གི་གོང་ཚད་ཡང་ ཡར་སེང་འགྱོ་ཡོད་པའི་ཤེས་རྟོགས་བྱུང་ཡོདཔ་ཨིན་མས།

ཨིན་རུང་ ཐིམ་ཕུག་གི་ཚོང་པ་ཚུ་གིས་སླབ་མིའི་ནང་ ཁྲལ་རིགས་བསྐྱར་བཟོ་མ་འབད་བའི་ཧེ་མ་ ནང་འདྲེན་འབད་ཡོད་མི་ཅ་ནམ་གྱི་རིགས་ཚུ་ལུ་ ཧེ་མའི་གོང་ཚད་ནང་ར་ བཙོང་དོ་ཟེར་ཨིན་མས། ཁོང་ཚུ་གིས་ཡང་ ཅ་ནམ་གསརཔ་ནང་འདྲེན་འབད་བའི་ཤུལ་ལས་ ཁྲལ་རིགས་བསྐྱར་བཟོ་འབད་ཡོད་པའི་ གོང་ཚད་དང་འཁྲིལ་སྟེ་ བཙོང་འོང་ཟེར་ཨིན་མས།

ཚོང་པ་གཞན་མི་ཅིག་གིས་སླབ་དོ་བཟུམ་འབད་བ་ཅིན་ ཆུམ་གྱི་རིགས་ཚུ་དེ་ འཐོན་སའི་ས་སྒོ་ནང་ལས་ར་ གོང་ཚད་ཡར་སེང་འགྱོ་ཡོདཔ་ལས་ གོང་ཚད་ཡར་སེང་འབད་དགོཔ་འཐོན་ཡི་ཟེར་ཨིན་མས། ཚོང་པ་ཚུ་གིས་བཤད་མི་ནང་ ཚོང་ཉོ་མི་ཚུ་གིས་ ཆུམ་གྱི་རིགས་ཚུ་ལུ་གོང་ཚད་ ཡར་འཛེག་ཡོད་པའི་ རྙོག་བཤད་བཀོད་དོ་ཡོདཔ་ཨིན་རུང་ འཐོན་སའི་ས་སྒོ་ནང་ལས་ར་ གོང་ཚད་ཡར་སེང་འགྱོ་ཡོདཔ་ལས་ གོང་ཡར་སེང་འགྱོ་ཡི་ཟེར་བཤད་དོ་ཡོདཔ་ཨིན་མས།

ཉོ་སྤྱོད་ཉེན་སྲུང་ཡིག་ཚང་གིས་འབད་བ་ཅིན་ ཁྲལ་རིགས་བསྐྱར་བཟོ་འབད་ཡོདཔ་ལས་ ཅ་ནམ་གྱི་རིགས་ལུ་ ད་ལྟོ་ གོང་ཚད་འཕར་ཡོད་པའི་རྙོག་བཤད་ བཀོད་མི་གཅིག་ཡང་མ་འཐོན་ཟེར་ཨིན་མས། 

 ཅ་ནམ་གྱི་རིགས་ཚུ་ལུ་ ཁྲལ་རིགས་བསྐྱར་བཟོ་འབད་ཡོད་པའི་ དཔྱད་ཡིག་ ༢༠༢༢ ཅན་མ་འདི་ དངུལ་རྩིས་ལྷན་ཁག་གིས་ སྤྱི་ཟླ་དེ་ཡི་སྤྱི་ཚེས་ ༩ ལུ་ དཔལ་འབྱོར་དང་དངུལ་རྩིས་ཚོགས་ཆུང་ལུ་ གཏང་ཡོདཔ་ཨིན་མས།

དེ་སྦེ་ ཅ་ནམ་གྱི་རིགས་ཚུ་ལུ་ ཁྲལ་རིགས་བསྐྱར་བཟོ་འབད་ཡོད་མི་ཡང་ རྒྱལ་ཁབ་ནང་ ཕྱི་དངུལ་གསོག་འཇོག་མ་ལང་བའི་ དཀའ་ངལ་ བསལ་ཐབས་ལུ་ དམིགས་དེ་ཨིན་མས།

དངུལ་རྩིས་ལྷན་ཁག་གིས་ དེ་སྦེ་ ཅ་ནམ་གྱི་རིགས་ཚུ་ལུ་ ཁྲལ་རིགས་བསྐྱར་བཟོ་འབད་ཡོད་པའི་ དཔྱད་ཡིག་ཡང་ རྩ་ཁྲིམས་ཆེན་མོའི་དགོངས་དོན་དང་འཁྲིལ་སྟེ་ཨིན་ཟེར་བཀོད་ཡོད་པའི་གནས་ཚུལ།

སངས་རྒྱས་རབ་བརྟན།