ཁྲལ་འཛིན་སྐྱོང་བརྡ་དོན་ལམ་ལུགས་དུས་མདུན་མ་བཟོཝ་ལས་ ཕུན་ཚོགས་གླིང་དོས་ཕབ་བཀལ་འབད་ས་ལུ་ དེད་གཡོགཔ་ཚུ་ཐོགས་ལུས་དོ་ཡོདཔ།

འབྲུག་ལུ་རྒྱ་གར་ལས་ ཅ་ཆས་ནང་འདྲེན་པ་ཚུ་གིས་ ཁྲལ་འཛིན་སྐྱོང་བརྡ དོན་ལམ་ལུགས་དང་འཁྲིལ་ཏེ་ བརྡ་དོན་དུས་མཐུན་མ་བཟོཝ་ལས་ ཕུན་ཚོགས་གླིང་དོས་ཕབ་བཀལ་འབད་ས་ལུ་ དུས་ཡུན་རིངམ་སྦེ་འགོར་མི་གིས་ དེད་གཡོགཔ་ཚུ་ཐོགས་ལུས་དོ་ཡོདཔ་ཨིན་མས། ད་རིས་སྐབས་ཅིག་དེ་སྦེ་ དུས་ཚོད་ཐོགས་ལུས་མི་ཡང་ སྤྱི་ཟླ་ ༤ པའི་སྤྱི་ཚེས་ ༡༡ ལས་ འཕྲུལ་ཆས་ཐོག་ཅ་དམ་འཛིན་སྐྱོང་ལམ་ལུགས་གསརཔ་དེ་ བསྟར་སྤྱོད་འབད་ནི་འགོ་བཙུགས་ཡོད་པའི་ཤུལ་ལས་ཨིན་མས།

དོས་བཀལ་འབད་སའི་ས་གནས་ན་ དུས་ཡུན་རིངམ་སྦེ་འགོར་མི་ལུ་ དེད་གཡོགཔ་ཚུ་སེམས་དང་མ་ལྡན་པ་ཡོདཔ་ཨིན་མས། དེད་གཡོདཔ་ཚུ་གིས་སླབ་མིའི་ནང་ ས་གནས་ཁར་ དུས་ཡུན་ཆུ་ཚོད་ བཞི་བཞི་དེ་རེ་འགོར་དོ་ཨིནམ་ལས་ ཁོང་རའི་ཨ་རྟག་གི་ལཱ་ལུ་ཐོག་ཕོག་མས་ཟེར་ཨིན་མས།

དེད་གཡོགཔ་ཅིག་ཨིན་མི་ ཚེ་རིང་དབང་འདུས་ཀྱིས་འབྲུག་ཚོང་འབྲེལ་ལུ་སླབ་མིའི་ནང་ ཡོངས་འབྲེལ་ཐོ་བཀོད་ཞབས་ཏོག་གིས་ དུས་ཚོད་ཐོགས་དོ་ཡོདཔ་ལས་ རུལ་ནི་གི་བཟའ་ཆས་ཚུ་ དུས་ཡུན་ཐུང་ཀུ་ཅིག་ནང་ར་ བསྐྱལ་དགོཔ་ལས་ མེདཔ་འགྱོཝ་མས་ཟེར་བཤད་ཅི། ཁོ་གིས་འབད་བ་ཅིན་ ད་ལྟོ་བསྟར་སྤྱོད་འབད་ཡོད་པའི་ ཡོངས་འབྲེལ་ཁྲལ་གྱི་ལམ་ལུགས་སྐོར་ལས་ ལེགས་ཤོམ་ཅིག་སྦེ་ ཧ་མ་གོ་ཟེར་ཨིན་མས།

ཚེ་རིང་དབང་འདུས་ཀྱིས་སླབ་མིའི་ནང་ ལམ་ལུགས་གསརཔ་ནང་ ཡིག་ཆ་དག་པ་ཅིག་སྤྲོད་དགོཔ་ཨིནམ་ད་ ཡིག་ཆ་མ་ཚང་པ་ཅིན་སྒོ་རས་ནང་ལས་མི་གཏང་དོ་ཨིན་མས། དེད་གཡོགཔ་ཚུ་གིས་འབད་བ་ཅིན་ ཡོངས་འབྲེལ་རྒྱུན་ལམ་ཚུ་ལེགས་ཤོམ་མེདཔ་ལས་ཐོ་བཀོད་འབད་མ་ཚུགས་པའི་རྙོག་བཤད་བཀོད་དོ་ཡོདཔ་ད་ རྒྱུན་ལམ་གྱི་རྒྱབ་རྟེན་དགོ་སྦེ་ཟེར་བའི་བསམ་འཆར་བཀོད་དོ་ཨིན་མས། ཨིན་རུང་ ཁོ་གིས་འབད་བ་ཅིན་ ཡོངས་འབྲེལ་ལམ་ལུགས་ར་དྲག་འོང་ཟེར་ཨིན་མས།

དེད་གཡོགཔ་གཞན་མི་ཅིག་ཨིན་མི་ རིན་ཆེན་གྱིས་སླབ་མིའི་ནང་ ཁྲལ་བཏབ་མི་གི་ངོ་རྟགས་ཨང་དང་ གློག་འཕྲིན་ཁ་བྱང་ དེ་ལས་ཁྲལ་གསལ་སྟོན་ཡིག་ཆ་ཚུ་དགོ་དོ་ཡོདཔ་ལས་ དེ་ཚུའི་སྐོར་ལས་ དེད་གཡོགཔ་མངམ་གིས་ར་ མི་ཤེས་སྦེ་ཟེར་ཨིན་མས། ཁོ་གིས་སླབ་མིའི་ནང་ སྣུམ་འཁོར་གཅིག་ནང་ར་ ཚོང་པ་ལེ་ཤ་གི་ཅ་ལ་འབག་འོང་དོ་ཨིནམ་ལས་ སྟབས་མི་བདེ་བས་ཟེར་ཨིན་མས། ཨིན་རུང་ རིན་ཆེན་གྱིས་འབད་བ་ཅིན་ ལམ་ལུགས་གསརཔ་ཀྱི་སྐོར་ལས་ཉམས་མྱོང་ཐོབ་བཞིནམ་ལས་ སྟབས་བདེ་ཏོག་ཏོ་འགྱོ་ནི་འོང་ཟེར་བའི་རེ་བ་བསྐྱེད་དོ་ཟེར་ཨིན་མས།

སེམས་དང་མ་ལྡན་མི་ དེད་གཡོགཔ་ཅིག་གིས་བཤད་མིའི་ནང་ ཡོངས་འབྲེལ་ཁྲལ་གྱི་ལམ་ལུགས་ནང་ དུས་ཡུན་འགོར་དོ་ཨིནམ་ལས་བརྟེན་ དོས་བསྐྱལ་ནི་ནང་ ཐོག་ཕོག་མས་ཟེར་ཨིན་མས།

དོ་རུང་ དོས་སྐྱེལ་འདྲེན་པ་ཅིག་ཨིན་མི་ ཚེ་དབང་གིས་སླབ་མིའི་ནང་ འཛུལ་སྒོའི་ཡོངས་འབྲེལ་ཁྲལ་གྱི་ལམ་ལུགས་དེ་ མ་དགའ་ཟེར་ཨིནམ་ད་ ཡིག་ཆ་ལེ་ཤ་དགོཔ་ལས་ ཁོང་རའི་ལཱ་ མགུ་འཐོམ་སི་སི་བཟོཝ་མས་ཟེར་ཨིན་མས། ཁོ་གིས་སླབ་མིའི་ནང་ དོས་སྐྱེལ་འདྲེན་འབདཝ་ད་ རྒྱ་གར་ལུ་ཡང་ཧ་ལམ་ཅིག་བསྒུག་སྡོད་དགོ་པའི་ཁར་ འབྲུག་ལུ་ཡང་ ཧ་ལམ་ཅིག་སྒུག་བཞག་མས་ཟེར་ཨིན་མས། ཤེས་ཡོན་ཡོད་པའི་ནང་འདྲེན་པ་ཚུ་ཨིན་པ་ཅིན་དེ་ ཐོ་བཀོད་ཁོང་ར་གིས་ར་འབད་དོ་ཨིན་རུང་ མ་ཤེས་མི་ཚུ་གཅིག་ཁར་ལཱ་ཁག་གཏང་དོ་ཡོདཔ་ད་ བར་ན་སྐོར་ལས་ དེད་གཡོགཔ་ཚུ་ནང་དོག་མས་ཟེར་ཨིན་མས།

ཨིན་རུང་ ཕུན་ཚོགས་གླིང་ཡོངས་འབྲེལ་ཁྲལ་གྱི་ལམ་ལུགས་ཀྱི་ལས་བྱེདཔ་ཚུ་གིས་འབད་བ་ཅིན་ དེ་སྦེ་དཀའ་ངལ་འཐོན་མི་དེ་ ཁྲལ་བཏབ་མི་ནང་འདྲེན་པ་ཚུ་གིས་ གནས་སྡུད་ཚུ་དུས་མཐུན་མ་བཟོ་བར་ཡོདཔ་ལས་ ཐོག་ལུས་མས་ཟེར་བའི་དོགས་སེལ་འབདཝ་ཨིན་མས། ལས་བྱེདཔ་ཚུ་གིས་སླབ་མིའི་ནང་ ཁོང་དེད་གཡོགཔ་ཚུ་ནང་དོག་མི་དེ་བདེན་གཏམ་ཨིནམ་ད་ ཁོང་ཚུ་གིས་ དཀའ་ངལ་འཐོན་པའི་གནད་དོན་དེ་ ཚོང་པ་ཚུ་གིས་ བརྡ་དོན་ཚུ་ཐོ་བཀོད་མ་འབདཝ་ལས་བརྟེན་ཨིན་མི་དེ་ ཧ་མི་གོ་བས་ཟོར་ཨིན་མས། ལས་བྱེདཔ་ཚུ་གིས་ དེད་གཡོགཔ་ཚུ་ལུ་ ཐོ་བཀོད་འབད་ནིའི་ནང་ ཆ་རོགས་འབད་དོ་ཡོདཔ་ཨིན་མས།

ཡོངས་འབྲེལ་ཁྲལ་གྱི་ལམ་ལུགས་བཙུགས་མི་ཡང་ ས་མཚམས་ལས་ཕྱིར་ཚོང་དང་ ནང་འདྲེན་འཐབ་ནིའི་ནང་ བར་མཚམས་མེད་པར་ཚོང་འབྲེལ་སྟབས་བདེ་ཏོག་ཏོ་སྦེ་འཐབ་ནིའི་དོན་ལུ་ཨིན་མས། དེ་ཡང་ འབྲུག་རྒྱལ་ཁབ་དེ་ འཛམ་གླིང་ཁྲལ་གྱི་ཚོགས་པའི་འཐུས་མི་ཨིནམ་ལས་ ཚོགས་པའི་ཁྲལ་གྱི་ལམ་ལུགས་ལྟར་དུ་ རིམ་ཚན་དག་པ་ཅིག་མོ་བཏབ་བསྟར་སྤྱོད་འབད་ནིའི་འགོ་བཙུགས་ཡོདཔ་ད་ བསྟར་སྤྱོད་ཧྲིལ་བུམ་དེ་ སྤྱི་ཟླ་ ༦ པའི་ནང་འབད་ནི་ཨིན་བའི་གནས་ཚུལ།

སངས་རྒྱས་རབ་བརྟན།